ལེའུ་ལྔ་པ།
ཤོག་དྲིལ་དང་ལུ་གུ
དེ་ནས་བདག་གིས་བཞུགས་ཁྲིའི་སྟེང་དུ་བཞུགས་པ་དེ་ཉིད་ཀྱི་ཕྱག་གཡས་པར་ཤོག་དྲིལ་ཐོགས་ཤིང་། ཤོག་དྲིལ་གྱི་ཕྱི་ནང་གཉིས་ཀར་ཡི་གེ་བྲིས་ཏེ་ཐམ་ག་བདུན་བཀོད་ནས་སྦྱར་ཡོད་པ་མཐོང་ངོ་༎ ཡང་ཕོ་ཉ་ནུས་མཐུ་ཅན་ཞིག་གིས་སྐད་ཆེན་པོས་འདི་སྐད་དུ། ཤོག་དྲིལ་འདིའི་ཁ་འབྱེད་པ་དང་ཐམ་ག་བདུན་པོ་འགོག་པར་འོས་པ་སུ་ཡོད་ཅེས་སྒྲོག་པ་བདག་གིས་མཐོང་། ཡང་ནམ་མཁའི་ཞིང་ཁམས་དང་། ས་སྟེང་། ས་འོག་བཅས་ནས་ཤོག་དྲིལ་གྱི་ཁ་འབྱེད་པ་དང་དེར་བལྟ་ནུས་མཁན་གཅིག་ཀྱང་མ་བྱུང་ངོ་༎ དེ་ནས་ཤོག་དྲིལ་གྱི་ཁ་འབྱེད་འོས་མཁན་དང་བལྟ་འོས་མཁན་མ་རྙེད་པས་བདག་ནི་རབ་ཏུ་ངུས་ཤིང་། རྒན་པོ་རྣམས་ལས་གཅིག་གིས་བདག་ལ་འདི་སྐད་དུ། ངུ་བར་མི་བྱའོ།། ལྟོས་དང་། ཡ་ཧུ་དཱའི་ཚོ་ཁག་གི་སེངྒེ་དང་དཱ་བིད་རིགས་རྒྱུད་ཀྱི་རྩ་བས་རྒྱལ་ཁ་བླངས་ཟིན་པས། ཁོང་གིས་ཤོག་དྲིལ་གྱི་ཁ་འབྱེད་པ་དང་དེའི་ཐམ་ག་བདུན་པོ་འགོག་ནུས་པ་ཡིན་ཞེས་གསུངས་སོ།།
དེ་ནས་ཡང་བདག་གིས་བཞུགས་ཁྲི་དང་སེམས་ཅན་བཞི་པོ། རྒན་པོ་བཅས་ཀྱི་ཁྲོད་དུ་ལུ་གུ་ཞིག་ཡར་ལངས་འདུག་པ་མཐོང་ཞིང་། ལུ་གུ་དེ་ནི་བསད་མྱོང་བ་ཞིག་དང་མཚུངས་སོ།། དེ་ལ་རྭ་ཅོ་བདུན་དང་མིག་བདུན་ཡོད་ལ། མིག་བདུན་པོ་ནི་འཇིག་རྟེན་ཡོངས་ལ་མངགས་པའི་དཀོན་མཆོག་གི་ཐུགས་ཉིད་བདུན་ཡིན་ནོ༎ དེ་ནས་ལུ་གུ་ཕར་སོང་ནས་བཞུགས་ཁྲིའི་སྟེང་དུ་བཞུགས་པ་དེ་ཉིད་ཀྱི་ཕྱག་གཡས་པ་ནས་ཤོག་དྲིལ་ཚུར་བླངས་པ་དང་། ཁོང་གིས་ཤོག་དྲིལ་ཕྱག་ཏུ་བཟུང་བ་ན། སེམས་ཅན་བཞི་པོ་དང་རྒན་པོ་ཉེར་བཞིས་ལུ་གུའི་མདུན་དུ་ཕྱག་བཙལ་ཞིང་། དེ་དག་སོ་སོས་ཕྱག་ཏུ་རྒྱུད་མངས་ཐོགས་པ་དང་སྤོས་ཀྱིས་གང་བའི་གསེར་གྱི་ཕོར་བ་བཟུང་བ་དང་། སྤོས་ནི་དད་ལྡན་དམ་པ་རྣམས་ཀྱི་སྨོན་ལམ་ཡིན་ལ། ཁོང་རྣམས་ཀྱིས་བསྟོད་དབྱངས་གསར་པ་ལེན་བཞིན་འདི་སྐད་དུ།
ཁྱེད་ནི་ཤོག་དྲིལ་ལེན་ལ་འོས་ཤིང་འབྱོར།།
ཁྱེད་ནི་དེ་ཡི་ཐམ་ག་འགོག་ལ་འཚམ།།
ཁྱེད་ནི་དེ་སྔར་སྐུ་བཀྲོངས་མྱོང་བ་དང་།།
ཁྱེད་ཀྱིས་རང་གི་སྐུ་ཁྲག་བཞུར་བ་ལས།།
ཚོ་པ་སྐད་རིགས་མི་སྡེ་སོ་སོ་དང་།།
མི་རིགས་སོ་སོ་ནས་ཀྱང་མི་རྣམས་ནི༎
དཀོན་མཆོག་ཁོང་ཉིད་དོན་དུ་བླུས་པས་སོ།།
10 གཞན་ཡང་དེ་རྣམས་རང་རེའི་དཀོན་མཆོག་གི།
རྒྱལ་སྲིད་དང་ནི་མཆོད་དཔོན་དུ་མཛད་ཅིང་།།
ས་གཞིའི་སྲིད་འཛིན་མཁན་དུ་འགྱུར་བ་འོ།།
ཞེས་པའོ།།
11 ཡང་བདག་གིས་ཕར་བལྟས་པ་ན། བཞུགས་ཁྲི་དང་སེམས་ཅན། རྒན་པོ་བཅས་མཐོང་ཞིང་། དེ་དག་གི་མཐའ་འཁོར་དུ་ཕོ་ཉ་མང་པོའི་གསུང་སྐད་ཐོས་པ་དང་། ཕོ་ཉའི་གྲངས་ཀ་ནི་ཁྲི་ཁྲི་འབུམ་འབུམ་མཆིས་སོ།། 12 དེ་རྣམས་ཀྱིས་སྐད་ཆེན་པོས་འདི་སྐད་དུ།
དེ་སྔར་སྐུ་སྲོག་བཀྲོངས་པའི་ལུ་གུ་ནི།།
དབང་ཐང་ཁྱད་ནོར་མཁྱེན་རབ་ནུས་མཐུ་དང་།།
བསྙེན་བཀུར་གཟི་བརྗིད་བསྟོད་བསྔགས་འབུལ་བ་བཅས།།
ཁྱེད་ལ་འོས་ཤིང་འབྱོར་བ་ཡིན་ལགས་སོ།།
ཞེས་གསུངས་སོ།། 13 ཡང་ནམ་མཁའི་ཞིང་ཁམས་དང་། ས་སྟེང་། ས་འོག རྒྱ་མཚོ་བཅས་དང་། དེ་རྣམས་ཀྱི་ནང་དུ་ཡོད་པའི་བསྐྲུན་པའི་དངོས་པོ་ཐམས་ཅད་ན་རེ།
བསྔགས་བརྗོད་བསྙེན་བཀུར་གཟི་བརྗིད་མངའ་ཐང་བཅས།།
བཞུགས་ཁྲིར་བཞུགས་མཁན་ཁོང་དང་ལུ་གུ་ལ།།
ཇི་སྲིད་བར་དུ་ཕུལ་ཞིང་འབུལ་བར་སྨོན།།
ཞེས་སྨྲས་པ་བདག་གིས་ཐོས་སོ།། 14 དེ་ནས་སེམས་ཅན་བཞི་པོས་འདི་སྐད་དུ། ཨ་མེན་ཞེས་གསུངས་ཤིང་། རྒན་པོ་རྣམས་ཀྱིས་ཀྱང་ཕྱག་བཙལ་ནས་བསྟོད་བསྔགས་བརྗོད་དོ༎