གསུང་མགུར་གོ་བརྒྱད༌པ།
དཀོན་མཆོག་གིས་འཇིག་རྟེན་ལ་བདག་སྐྱོང་མཛད་པ།
༼མགུར༌མ་ཞིག༽ ཡ་ཝཱེས་ངོ་མཚར་རྨད་བྱུང་དོན་རྣམས༌མཛད། །ཕྱག་གཡས་དང་ནི་དཔུང་ངར་དམ་པ༌ཡིས། །ཉིད་ཀྱི་ཕྱིར་དུ་ཐར་ལམ་མཛད་པས༌ན། །ཁོང་ལ་མགུར་གླུ་གསར་པ་འབུལ་བར༌གྱིས།། ཡ་ཝཱེས་ཉིད་ཀྱི་ཐར་པ་སྟོན་མཛད༌ཅིང༌། །མི་རིགས་ཀུན་གྱི་མཐོང་ངོར་དྲང་བདེན༌མངོན།། ཁོང་གིས་ཡེས་ར་ཨེལ་པར་བསྟན་པ༌ཡི། །བྱམས་བརྩེ་དང་ནི་དྲང་བདེན་ཐུགས་སུ༌དྲན། །ས་མཐའ་ཀུན་གྱིས་རང་ཅག་དཀོན་མཆོག༌གི །ཐར་པ་དེ་ནི་མཐོང་བར་འགྱུར་བ༌འོ།། ས་གཞི་ཡོངས་ཀྱིས་ཡ་ཝཱེར་དགའ་འབོད༌བྱེད། །སྐད་གསང་མཐོན་པོས་དགའ་སྤྲོའི་བསྟོད་དབྱངས༌འབུལ།། པི་ཝང་དང་བཅས་ཡ་ཝཱེར་བསྟོད་དབྱངས༌ཕུལ། །པི་ཝང་གླུ་སྐད་བཅས་ཀྱིས་ཁོང་ལ༌བསྟོད།། དུང་དང་རྭ་དུང་གཉིས་ཀྱི་སྐད་སྒྲ༌ཡིས། །རྒྱལ་ཆེན་ཡ་ཝཱེའི་དྲུང་དུ་དགའ་འབོད༌བྱེད།། རྒྱ་མཚོ་དང་ནི་དེའི་ནང་ཡོད་པ༌དང༌། །འཇིག་རྟེན་དང་ནི་དེ་རུ་ཆགས་པ༌སོགས། །ཀུན་གྱིས་ང་རོའི་སྐད་སྒྲ་བསྒྲག་གྱུར༌ཅིག། གཙང་པོ་རྣམས་ཀྱིས་ཐལ་མོ་བརྡབ་པ༌དང༌། །རི་བོ་རྣམས་ཀྱིས་ལྷན་ཅིག་དགའ་འབོད༌གྱིས།། ཀུན་གྱིས་ཡ་ཝཱེའི་དྲུང་དུ་དགའ་འབོད༌གྱིས། །ས་གཞིར་ཁྲིམས་ཐག་གཅོད་དུ་ཁོང་ཕེབས༌ཡོང༌། །འཇིག་རྟེན་ལ་ནི་དྲང་པོའི་དཔྱད་ཁྲ༌གཏོང༌། །མི་སྡེ་རྣམས་ལ་ཁྲིམས་གཅོད་དྲང་གཞག༌མཛད།།