གསུང་མགུར་གོ་བདུན༌པ།
དཀོན་མཆོག་ནི་བླ་ན་མེད་པའི་དབང་སྒྱུར་མཁན་ཡིན་པ།
ཡ་ཝཱེས་རྒྱལ་སྲིད་སྐྱོང་བས་ས་གཞི་སྐྱིད་པར༌གྱིས། །གླིང་ཕྲན་རྣམས་ཀྱི་ཚོགས་ཀྱང་དགའ་ཞིང་སྤྲོ་བར༌ཤོག། ཁོང་གི་མཐའ་འཁོར་སྤྲིན་དང་སྨག་རུམ་གྱིས་བསྐོར༌ཞིང༌། །དྲང་གཞག་འདྲ་མཉམ་ཁོང་གི་རྒྱལ་ཁྲིའི་གཞི་རྩ༌ཡིན།། ཁོང་གི་སྔོན་དུ་མེ་ཞིག་འགྲོ་བར་བྱེད་པ༌དང༌། །ཉིད་ཀྱི་ཕྱོགས་བཞིའི་དགྲ་རྣམས་བསྲེགས་ནས་རྩ་མེད༌གཏོང༌།། ཁོང་གི་གློག་གིས་འཇིག་རྟེན་འོད་དུ་འཁྱེར་བ༌དང༌། །ས་གཞིས་དེ་ཉིད་མཐོང་སྟེ་འདར་ཞིང་གཡོ་བ༌ཡིན།། ས་གཞི་ཡོངས་ཀྱི་བདག་པོ་ཡ་ཝཱེའི་སྤྱན་དྲུང༌དུ། །རི་བོ་རྣམས་ཀྱང་སྤྲ་ཚིལ་བཞིན་དུ་བཞུས་པ༌ཡིན།། ནམ་མཁའི་དབྱིངས་རྣམས་ཁོང་གི་དྲང་བདེན་སྒྲོག་པ༌དང༌། །མི་སྡེ་ཀུན་གྱིས་ཁོང་གི་གཟི་བྱིན་མཐོང་བ༌འོ།། སྙིང་པོ་མེད་པའི་སྐུ་འདྲ་ངོམ་པར་བྱེད་པ༌དང༌། །བརྐོས་སྐུ་རྣམས་ལ་སྟེན་མཁན་མི་རྣམས་སྐྱེངས་པར༌ཤོག །ལྷ་ཡི་ཚོགས་རྣམས་ཁོང་ལ་བཏུད་ཅིང་ཕྱག་འཚལ༌བགྱིས།། ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ཀྱི་ཁྲིམས་གཅོད་ཐོས་ནས༌ནི། །ཛ་ཡན་དགའ་ཞིང་ཡ་ཧུ་དཱ་ཡི་སྡེ་རྣམས༌སྐྱིད།། ཡ་ཝཱེ་ཁྱེད་ཉིད་ས་གཞི་ཀུན་ཏུ་བླ་ན་མེད། །ལྷ་ཡི་ཚོགས་ལས་ཁྱེད་ཉིད་ཤིན་ཏུ་མཐོ་བས༌སོ།། 10 ཡ་ཝཱེར་དགའ་བ་ཁྱོད་རྣམས་ངན་པར་སྡང་འོས༌ཤིང༌། །ཁོང་གིས་ཉིད་ཀྱི་དད་ལྡན་རྣམས་ཀྱི་སེམས་སྲུང༌ཞིང༌། །དེ་རྣམས་ངན་པའི་ལག་ནས་སྐྱོབ་ཅིང་ཐར་བར༌མཛད།། 11 དྲང་བདེན་རྣམས་ཀྱི་དོན་དུ་འོད་ཟེར་འཕྲོ་བ་དང༌། །གཞུང་དྲང་རྣམས་ཀྱི་ཕྱིར་དུ་དགའ་སྤྲོ་སྟ་གོན༌མཛད།། 12 དྲང་བདེན་རྣམས་ནི་ཡ་ཝཱེའི་ནང་དུ་དགའ་བར༌ཤོག །ཁོང་གི་དམ་པའི་མཚན་ལ་གཏང་རག་འབུལ་བར༌གྱིས།།