གསུང་མགུར་ང་བདུན༌པ།
དཀོན་མཆོག་ཡ་ཝཱེའི་རོགས་སྐྱོར་འཚོལ་བ།
༼དཱ་བིད་ཁོང་ཉིད་སོ་ལོའི་དྲུང་ནས་བྲག་ཕུག་ཏུ་འབྲོ་དུས༌སུ། འཕུང་མ་འཇུག་ཅེས་པའི་དབྱངས་ནང་མགུར་འདི་བརྩམས་ནས་དབུ་མཛད་ལ་སྤྲད༌པ་སྟེ། དཱ་བིད་ཀྱི་མེག་ཏཱམ་ཞིག༽ དཀོན་མཆོག་སྙིང་རྗེ་མཛོད་ཅིག་སྙིང་རྗེ༌མཛོད། །བར་ཆད་འདི་དག་མེད་པར་འགྱུར་བའི༌བར། །ཁྱེད་ལ་སྐྱབས་སུ་མཆི་ཞིང་ཁྱེད་ཉིད༌ཀྱི། །གཤོག་པའི་གྲིབ་བསིལ་འོག་ཏུ་འཛུལ་བར༌བྱ།། བདག་གིས་བླ་ན་མེད་པའི་དཀོན་མཆོག༌སྟེ། །ཉིད་ཀྱི་ཐུགས་དགོངས་བཞིན་དུ་ང་རང༌ལ། །ཐམས་ཅད་གནང་བ་ཁོང་ལ་འོ་དོད༌འབོད།། ཁོང་གིས་གནམ་ནས་ང་རང་སྐྱོབ་ངེས༌ཤིང༌། །ང་ལ་རྡོག་བརྫིས་གཏོང་མཁན་རྣམས་ལ༌བཀྱོན། །༼ སེ༌ལཱ། ༽ བྱམས་དང་དྲང་བདེན་ཁོང་གིས་ང་ལ༌གནང༌།། ང་ཡི་ཚེ་སྲོག་སེང་གེའི་ཁྲོད་དུ༌ཡོད། །རྩ་མེད་གཏོང་མཁན་གསེབ་ཏུ་ང་རང༌ཉལ། །དེ་ཚོའི་སོ་ནི་མདུང་དང་མདའ་མོ༌ཡིན། །དེ་ཚོའི་ལྕེ་ནི་རལ་གྲི་རྣོན་པོ༌ཡིན།། ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཉིད་ནམ་མཁའ་ལས། །བླ་ན་འཕགས་ཤིང་ཁྱེད་ཀྱི་གཟི་བརྗིད་ཀྱང་། །ས་གཞིའི་སྟེང་ལ་ཡོངས་སུ་ཁྱབ་གྱུར་ཅིག། དེ་ཚོས་ང་ཡི་རྐང་འོག་རྙི་བཙུགས༌ཤིང༌། །མནར་གཅོད་བཏང་ནས་ང་ཡི་སེམས་ཀྱང༌འཁུམས། །ང་ཡི་མདུན་དུ་ས་དོང་བྲུས་མོད༌ཀྱང༌། །ཁོ་ཚོ་རང་ཉིད་དེ་ཡི་ནང་དུ༌ལྷུང༌།།༼ སེ༌ལཱ། ༽ ཀྱེ་ཀྱེ་དཀོན་མཆོག་ང་ཡི་སེམས་ནི༌བརྟན། །ང་ཡི་སེམས་ལ་གཡོ་འགུལ་ཅི་ཡང༌མེད། །བདག་གིས་མགུར་མ་དང་ནི་བསྟོད་དབྱངས༌འབུལ།། ཀྱེ་ཀྱེ་ང་ཡི་སེམས་ཉིད་སད་པར༌གྱིས། །ཀྱེ་མ་རྒྱུད་མངས་པི་ཝང་སད་པར༌གྱིས། །བདག་གིས་སྐྱ་རེངས་གཉིད་ལས་བསླང་བར༌བྱ།། ཀྱེ་ཀྱེ་གཙོ་བོ་མི་རིགས་ཀུན་གྱི༌ཁྲོད། །ང་ཡིས་ཁྱེད་ལ་གཏང་རག་འབུལ་བར༌བྱ། །མི་རྣམས་དབུས་སུ་ཁྱེད་ལ་བསྟོད་དབྱངས༌འབུལ།། 10 ཁྱེད་ཀྱི་བྱམས་བརྩེ་ཆེ་ཞིང་ནམ་མཁར༌ཟུག །ཁྱེད་ཀྱི་དྲང་བདེན་ནམ་མཁའི་སྤྲིན་དང༌མཉམ།། 11 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཉིད་ནམ་མཁའ་ལས། །བླ་ན་འཕགས་ཤིང་ཁྱེད་ཀྱི་གཟི་བརྗིད་ཀྱང་། །ས་གཞིའི་སྟེང་ལ་ཡོངས་སུ་ཁྱབ་གྱུར་ཅིག།