ལེའུ་གཉིས༌པ།
སློབ་དཔོན་རྫུས་མའི༌སྐོར།
1 དེ་ཡང་སྔོན་ཆད་མི་རྣམས་ཀྱི་ཁྲོད་དུ་ལུང་སྟོན་པ་རྫུས་མ་བྱུང་བ་བཞིན། ཕྱིས་སུ་ཁྱོད་ཅག་གི་ཁྲོད་དུའང་སློབ་དཔོན་རྫུས་མ་འབྱུང་བར་འགྱུར༌ལ། དེ་རྣམས་ཀྱིས་ལྐོག་ནས་མི་ལ་གནོད་འཚེ་གཏོང་བའི་ལོག་ལྟ་རྣམས་ཁྲིད་འོང་བར་འགྱུར་ཞིང་། དེ་དག་གིས་ཁོ་རྣམས་བླུ་མཁན་གྱི་བདག་པོའང་ཁས་མི་ལེན༌པར། མྱུར་དུ་རང་གིས་རང་ཉིད་བརླག་པར་འགྱུར་རོ།།
2 མི་མང་པོ་ཞིག་གིས་ལོག་གཡེམ་པ་དེ་དག་གི་བྱ་སྤྱོད་བཞིན་བྱེད་པར་འགྱུར་ཞིང་། སློབ་དཔོན་རྫུས་མ་དེ་དག་གི་རྐྱེན་གྱིས། བདེན་པ་ཉིད་ཀྱི་ལམ་ལ་འཕྱ་དམོད་བྱེད་པར་འགྱུར།
3 དེ་དག་ལ་བརྣབ་སེམས་ཆེ་བས་རྫུན་གཏམ་ལ་བརྟེན་ནས་ཁྱོད་ཅག་ལས་འཕྲོག་པར་འགྱུར། དེ་དག་ལ་ཉེས་ཆད་གཅོད་པ་ནི་གནའ་སྔ་མོ་ནས་དུས་མི་འགྱངས་ལ། དེ་རྣམས་བརླག་པར་འགྱུར་བའི་དུས་ཀྱང་གཉིད་ལ་མི་ཡུར་རོ།།
4 སྔོན་ཆད་ཕོ་ཉ་རྣམས་ཀྱིས་སྡིག་པ་བྱས་པ་ན། དཀོན་མཆོག་གིས་དེ་རྣམས་ལའང་བཟོད་སྒོམ་མ་གནང་བར་དམྱལ་བའི་གནས་སུ་གཡུགས་ཤིང་། མུན་ནག་གི་དོང་ནང་དུ་ཁྲིམས་ཐག་གཅོད་པའི་བར་དུ་བསྐྱུར་བ་ཡིན་ནོ།།
5 ཡང་དཀོན་མཆོག་གིས་གནའ་བོའི་འཇིག་རྟེན་ལའང་བཟོད་སྒོམ་མ་གནང་བར། དད་གུས་མེད་པའི་མི་རྣམས་ཆུ་ལོག་གིས་བསྣུབས་པར་མཛད༌མོད། འོན་ཀྱང་ཡང་དག་པའི་ཆོས་སྒྲོག་མཁན་ནོ་ཨའི་ཁྱིམ་མི་བརྒྱད་པོ་བསྐྱབས་མྱོང་།
6 ཡང་ཁོང་གིས་སཱ་དོམ་དང་གཱ་མོ་ར་གཉིས་ལ་ཉེས་ཆད་བཅད་ནས་མེར་བསྲེགས་ཤིང༌རྡུལ་དུ་བཏང་བ་དང་། དུས་རབས་ཕྱི་མའི་དད་གུས་མེད་པའི་མི་རྣམས་ལ་བསླབ་བྱའི་དཔེ་རུ་གནང་བ་ཡིན།
7 དུས་དེར་ཁྲིམས་མེད་ལུགས་མེད་ཀྱི་མི་དག་གི་གཡེམ་སྦྱོར་གྱི་རྐྱེན་གྱིས། དུས་རྒྱུན་དུ་ཡིད་སེམས་སྐྱོ་བའི་མི་གཞུང་དྲང་ལོད་ཐུ་ཁོ་ན་ཁོང་གིས་བསྐྱབས་པ་ཡིན།
8 རྒྱུ་མཚན་ནི་མི་གཞུང་དྲང་དེ་ཁོ་རྣམས་ཀྱི་ཁྲོད་དུ་སྡོད༌ཅིང༌། མི་དེ་དག་གི་ཁྲིམས་མེད་ལུགས་མེད་ཀྱི་དོན་རྣམས་མཐོང་ཐོས་སུ་གྱུར་པས། ཁོའི་དྲང་སེམས་ནི་ཉིན་རེ་བཞིན་སྐྱོ་གདུང་གིས་མནར༌བར་གྱུར་པའོ༎
9 དེ་ལྟར་ཡིན་ན། གཙོ་བོས་དད་གུས་ལྡན་པའི་མི་ནི་ཉམས་ཚོད་ལས་སྐྱོབ་པ་དང་། དྲང་བདེན་མིན་པའི་མི་ནི་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་ཉིན་མོའི་བར་ཉེས་ཆད་འོག་ཏུ་བསྐྱུར་བ་མཁྱེན༌ནོ།།
10 ཤ་གཟུགས་ཀྱི་ཕུང་བོར་བསྟུན་ནས་འདོད་ཆགས་ལ་འཇོལ་ཉོག་ཏུ་སྤྱོད་མཁན་དང་། དབང་ཆེན་ལ་མཐོང་ཆུང་བྱེད་མཁན་ནི་ཁོང་གིས་ལྷག་ཏུ་མཁྱེན་ལ། མི་དེ་དག་ནི་སྤོབས་པ་ཆེ་ཞིང་གཤིས་རྒྱུད་གྱོང་པོ་ཡིན་ལ། གཟི་བརྗིད་ཅན་རྣམས་ལ་དམའ་འབེབས་བྱེད་པ་ལའང་མི་འཇིགས་སོ།།
11 ཕོ་ཉ་རྣམས་ལ་མཚོན་ན་མི་དེ་དག་ལས་མཐུ་སྟོབས་དང་དབང་ཐང་ཆེ༌ཡང་། གཙོ་བོའི་དྲུང་དུ་དམའ་འབེབས་ཀྱི་ཚིག་གིས་དེ་རྣམས་གཏུག་པར་མི༌བྱ།
12 འོན་ཀྱང་། མི་དེ་དག་ནི་ཡིད་ཤེས་མེད་པ་དང་མཚུངས༌པར། སྐྱེས་མ་ཐག་ནས་དུད་འགྲོ་ཡིན་ཏེ། མི་ཡིས་བཟུང་ནས་བཤས་ཟོག་ལ་སྟ་གོན་བྱེད་པ་ཡིན། མི་དེ་རྣམས་ཀྱིས་རང་གིས་མི་ཤེས་པའི་དོན་རྣམས་ལ་དམའ་འབེབས་བྱེད་ཅིང༌། མི་གཞན་དག་བརླག་བཞིན་པའི་དུས་སུ། ཁོ་རང་ཉིད་བརླག་པར་འགྱུར་ངེས་སོ།།
13 དེ་རྣམས་ཀྱི་སྤྱོད་ལམ་དྲང་པོ་མ་ཡིན་པས་འབྲས་བུ་མི་བདེན་པ་ཐོབ། མི་དེ་དག་ནི་ཉིན་མོར་བག་མེད་ལོངས་སྤྱོད་ལ་ཞུགས་པར་དགའ་ཞིང་། བཙོག་པར་གྱུར་པ་དང་སྐྱོན་ཅན་ཡང་ཡིན་ལ། ཁྱོད་ཅག་དང་མཉམ་དུ་གསོལ་སྟོན་ལ་ཞུགས་དུས། རང་གི་གཡོ་སྒྱུ་ནི་དགའ་སྐྱིད་དུ་འདོད་པ་རེད།
14 མི་དེ་རྣམས་ཀྱི་མིག་ནང་དུ་ལོག་གཡེམ་གྱིས་ཁེངས་ཤིང་སྡིག་པའི་མཚམས་མི་འཇོག༌པར། བློ་མི་བརྟན་པ་རྣམས་ལ་སླུ་བྲིད་བྱེད་པ་དང༌། སེམས་ནང་དུ་འདོད་རྔམ་ལ་གོམས་ཡོད་པས། དངོས་གནས་སྡིགས་དམོད་ཐེབས་པའི་རིགས་རྒྱུད་ཡིན།
15 མི་དེ་རྣམས་ཀྱིས་དྲང་ལམ་སྤངས་ནས་ལོག་ལམ་དུ་ཞུགས་པ་དང་། པེ་ཨོར་གྱི་བུ་པེལ་ཨམ་གྱི་ལམ་དུ༌ཞུགས་པ་ཡིན། པེལ་ཨམ་ནི་གླ་ཆའི་ཡོང་ཁུངས་མི་གཙང་བ་ལ་འདོད་རྔམ་བཅང་མཁན་ཞིག་ཡིན༌མོད།
16 འོན་ཀྱང་ཁོ་བོར་རང་གི་ནག་ཉེས་དབང་གིས་བཀའ་བཀྱོན་ཐེབས་ཤིང་། སྨྲ་མི་ཤེས་པའི་བོང་བུས་མི་སྐད་སྨྲས་ཏེ་ལུང་སྟོན་པའི་སྨྱོ་སྤྱོད་བཀག༌པའོ།།
17 ཡང་མི་དེ་རྣམས་ནི་ཆུ་མིག་སྐམ་པོ་དང་རླུང་ནག་འཚུབ་མས་འདེད་པའི་སྨུག་པ་ཡིན༌ལ། མུན་པའི་སྨག་རུམ་ནི་མི་དེ་རྣམས་ཀྱི་ཆེད་དུ་སྟ་གོན་མཛད་ཡོད།
18 དེ་རྣམས་ཀྱིས་ང་རྒྱལ་གྱི་བླུན་གཏམ་སྨྲ༌ཞིང༌། ཤ་གཟུགས་ཀྱི་ཆགས་ཞེན་དང་ལོག་གཡེམ་གྱི་ལས་ལ་བརྟེན་ནས། ནོར་འཁྲུལ་ཅན་ལས་ཐར་མ་ཐག་པ་དེ་རྣམས་ལའང་སླུ་བྲིད་བྱེད།
19 དེ་རྣམས་ཀྱིས་མི་རྣམས་ལ་རང་དབང་འཐོབ་པར་ཁས་ལེན་ནའང་། རང་ཉིད་ནི་འཕུང་དཀྲོལ་གྱི་གཡོག་པོ་རུ་བྱེད༌པ་ཡིན། ཅིའི་ཕྱིར་ཞེ་ན། མི་སུ་ཡིན་ཡང་གང་ཞིག་གི་དབང་འོག་ཏུ་བཅུག་ན་དེའི་གཡོག་པོ་ཡིན་པའི་ཕྱིར་རོ།།
20 གལ་ཏེ། མི་དེ་རྣམས་ཀྱིས་གཙོ་བོ་དང་སྐྱབས་མགོན་ཡིན་པའི་ཡེ་ཤུ་མཱ་ཤི་ཀ་ངོ་ཤེས་པ་བརྒྱུད་ནས། འཇིག་རྟེན་གྱི་མི་གཙང་བ་སྤངས་ཐུབ་པ་བྱུང༌ནའང༌། རྗེས་སུ་སླར་ཡང་དེའི་ནང་དུ་ཞུགས་ཤིང་དེའི་དབང་འོག་ཏུ་ཚུད་ན། མི་དེ་དག་གི་ཕྱིས་ཀྱི་གནས་ཚུལ་དེ་སྔ་ལས་ཀྱང་སྡུག་པ་ཡིན།
21 ཁོ་རྣམས་ཀྱིས་དྲང་བདེན་གྱི་ལམ་ཤེས་བཞིན་དུ། ཁོ་རྣམས་ལ་གནང་བའི་བཀའ་དམ་པ་རྒྱབ་ཏུ་བསྐྱུར་བས། ཁོ་རྣམས་ཀྱིས་དོན་དེ་ཤེས་པ་ལས་མ་ཤེས་ན་ལེགས་སོ།།
22 ཁ་དཔེ་ལ། ཁྱི་ནི་རང་གི་སྐྱུག་རོར་ལོག །ཕག་ནི་བཀྲུས་ཀྱང་འདམ་ལ་འགྲིལ། །ཞེས་པའི་ཚིག་འདི་ཅིས་མ་བདེན། དེ་ནི་ཁོ་རྣམས་ཀྱི་སྟེང་དུ་བྱུང་བའོ།།