ལེའུ་དགུ༌པ།
ཐུགས་སྲས་བཅུ་གཉིས་པོ་ཡུལ་གཞན་དུ་མངགས༌པ།
1 སྐྱབས་མགོན་ཡེ་ཤུས་ཐུགས་སྲས་བཅུ་གཉིས་པོ་རང་གི་དྲུང་དུ་བོས༌ཏེ། ཁོ་རྣམས་ལ་གདོན་འདྲེ་མཐའ་དག་འདུལ་བ་དང་ནད་འཇོམས་པའི་ནུས་མཐུ་དང་དབང་གནང༌ཞིང༌།
2 ཡང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཆོས་སྒྲོག་པ་དང་ནད་གསོ་བའི་ཆེད་དུ་མངགས་སོ།།
3 ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ལམ་དུ་ཆས་སྐབས་མཁར་བ༌དང༌། ཁུག༌མ། ལམ༌བྲོ། དངུལ༌སྒོར། ནང་གོས་ལྷག་མ་ཅི་ཡང་མ་འཁྱེར༌ཅིག
4 ཁྱོད་ཅག་ཁྱིམ་གང་ལ་སོང་ནའང་དེ་རུ་སྡོད༌ཅིག ཡང་དེ་ནས་ལམ་ལ་ཆས༌ཤིག
5 ཡང་ཡུལ་གང་གི་མི་ཡིས་ཁྱོད་ཅག་ལ་གནས་ཚང་མི་གཏོང༌ན། ཁྱོད་ཅག་གྲོང་རྡལ་དེ་དང་ཁ་འབྲལ་བའི་དུས༌སུ། ཁོ་རྣམས་མི་འགྲིག་པ་སྟོན་པའི་ཆེད་དུ་རྐང་པའི་སྟེང་གི་ས་རྡུལ་སྤྲུགས་ཤིག་ཅེས་གསུངས༌སོ།།
6 ཐུགས་སྲས་རྣམས་གྲོང་སྡེ་སོ་སོར་སོང་ནས་འཕྲིན་བཟང་བསྒྲགས་ཤིང་ཡུལ་གྲུ་ཀུན་གྱི་ནད་པ་རྣམས་གསོ་བར་བྱས་སོ།།
7 ས་གནས་དཔོན་པོ་ཧེ་རོ་དཱ་ཡིས་དོན་དེ་ཐམས་ཅད་ཐོས་ཏེ་སེམས་ལ་ཐེ་ཚོམ་ཆེན་པོ་སྐྱེས། རྒྱུ་མཚན་ནི་མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་ཤི་བ་ལས་སླར་གསོན་པ་རེད་ཅེས་དང༌།
8 ཡང་ལ་ལས་ཨེ་ལི་ཡཱ་དངོས་སུ་མངོན་བྱུང་ཞེས༌དང་། ཡང་ལ་ལས་གནའ་བོའི་ལུང་སྟོན་པ་ཞིག་ཤི་བ་ལས་སླར་གསོན་པ་རེད་ཅེས༌སྨྲས་པའི་ཕྱིར་རོ།།
9 ཧེ་རོ་དཱ་ན༌རེ། བདག་གིས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་བཅད་ཟིན༌ནའང༌། ངས་ད་དུང་དོན་དེ་འདྲ་ཐོས་པའི་མི་དེ་སུ་ཡིན་ནམ་ཞེས་སྨྲས་ཤིང་སྐྱབས་མགོན་ཡེ་ཤུར་མཇལ་འདོད་དོ།།
མི་ལྔ་སྟོང་ལྷག་འགྲང་བར་མཛད༌པ།
10 སྐུ་ཚབ་པ་རྣམས་ཕྱིར་ལོག་སྟེ་ཁོ་རྣམས་ཀྱིས་དོན་ཅི་ཞིག་བསྒྲུབས་པ་ཐམས་ཅད་སྐྱབས་མགོན་ཡེ་ཤུར་ཞུས་སོ།། ཁོང་གིས་དེ་རྣམས་ཁྲིད་ནས་པེ་སད་དཱ་གྲོང་རྡལ་དུ་ཕེབས༌ནའང༌།
11 མི་ཚོགས་ཀྱིས་དོན་དེ་ཤེས་ནས་ཁོང་གི་རྗེས་སུ་འབྲངས། ཁོང་གིས་དེ་རྣམས་བསུས་ཤིང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་གསུངས་པ༌དང༌། ནད་གསོ་དགོས་པ་རྣམས་ཀྱི་ནད་གསོས་པའོ།།
12 ཉི་མ་ནུབ་ལ་ཉེ་བའི་དུས༌སུ། ཐུགས་སྲས་བཅུ་གཉིས་པོ་ཁོང་གི་དྲུང་དུ་ཡོང་སྟེ་ན༌རེ། ས་ཆ་འདི་ནི་དབེན་སྟོང་ཡིན་པས་མི་རྣམས་ཉེ་འཁོར་གྱི་གྲོང་སྡེ་དང་མཐའ་ཁུལ་དག་ལ་གནས་ཚང་གཡར་བ་དང་བཟའ་བཏུང་འཚོལ་ཕྱིར་གཏོང་བར་མཛོད་ཅེས་ཞུས་པ༌ན།
13 ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་མི་ཚོགས་ལ་ཁ་ཟས་བྱིན་ཅིག་ཅེས་གསུངས་པ༌དང༌། ཐུགས་སྲས་རྣམས་ཀྱིས་བདག་ཅག་ལ་བག་ལེབ་ལྔ་དང་ཉ་གཉིས་ལས་མེད༌པས། གལ་ཏེ་ངེད་ཅག་མི་ཚོགས་ལ་ཁ་ཟས་ཉོ་རུ་མ་སོང་ན་འདང་བ་མིན་ཞེས་ཞུས་སོ།།
14 དེའི་དུས་སུ་གནས་དེར་སྐྱེས་པ་ཁོ་ན་བསྡོམས་པས་ལྔ་སྟོང་ཙམ་ཡོད། སྐྱབས་མགོན་ཡེ་ཤུས་ཐུགས་སྲས་རྣམས་ལ་མི་ཚོགས་དེ་དག་མི་ལྔ་བཅུ་ཙམ་རེ་གྲལ་སྐོར་གཅིག་ཏུ་བྱས་ནས་སྡོད་དུ་ཆུག་ཅེས་གསུངས་པ༌དང༌།
15 ཐུགས་སྲས་རྣམས་ཀྱིས་ཀྱང་བཀའ་བཞིན་དུ་མི་ཚོགས་དེ་ལྟར་སྡོད་དུ་བཅུག
16 སྐྱབས་མགོན་ཡེ་ཤུས་བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བསྣམས་ཏེ་ནམ་མཁར་གཟིགས་ནས་བྱིན་རླབས་གནང༌རྗེས། དུམ་བུར་བྱས་ནས་ཐུགས་སྲས་རྣམས་ལ་གནང་ཞིང་མི་ཚོགས་ཀྱི་མདུན་དུ་བཀྲམ་པའོ༎
17 མི་ཐམས་ཅད་ཀྱིས་ཀྱང་ཟོས་ཤིང་ལྟོ་བ་འགྲངས་པ༌དང༌། ཐུགས་སྲས་རྣམས་ཀྱིས་ཟས་ལྷག་བསྡུས་ཏེ་སླེ་བོ་བཅུ་གཉིས་གང༌ངོ༌།།
པེ་ཏྲོས་སྐྱབས་མགོན་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པར་ཁས་བླངས༌པ།
18 སྐྱབས་མགོན་ཡེ་ཤུ་གཅིག་པུས་གསོལ་བ་འདེབས་དུས་ཐུགས་སྲས་རྣམས་ཀྱང་ཁོང་དང་མཉམ་དུ་ཡོད་པ༌ལ། ཁོང་གིས་འདི་སྐད༌དུ། མི་རྣམས་ཀྱིས་ང་རང་སུ་ཡིན་པར་སྨྲ་བཞིན་འདུག་གམ་ཞེས་དྲིས་པ༌ན།
19 ཐུགས་སྲས་རྣམས་ན༌རེ། མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་རེད་ཅེས༌དང༌། ཡང་ལ་ལས་ཨེ་ལི་ཡཱ་རེད་ཅེས༌ཟེར། གཞན༌ཡང༌། གནའ་བོའི་ལུང་སྟོན་པ་རྣམས་ལས་གཅིག་སླར་གསོན་པ་རེད་ཟེར་བའང་ཡོད་ཅེས་ཞུས།
20 ཡང་ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་ང་རང་སུ་ཡིན་པར་གླེང་ངམ་ཞེས་དྲིས་པ༌ན། པེ་ཏྲོ་ན༌རེ། ཁྱེད་ནི་དཀོན་མཆོག་གི་སྐྱབས་མགོན་མཱ་ཤི་ཀ་ཡིན་ཞེས་ཞུས༌སོ།།
21 སྐྱབས་མགོན་ཡེ་ཤུས་དོན་དེ་གཞན་ལ་མི་སྨྲ་བའི་ཕྱིར་ཐུགས་སྲས་རྣམས་ལ་ནན་གྱིས་བསྐུལ༌ཅིང་བཀའ་གནང་སྟེ།
22 ཁོང་གིས་འདི་སྐད༌དུ། མིའི་བུ་ཡིས་ངེས་པར་སྡུག་བསྔལ་མང་པོ་མྱོང་ཞིང་དཔོན་རིགས་རྒན་པོ་དང་མཆོད༌དཔོན་ཆེན་པོ་དག མཁན་པོ་རྣམས་ཀྱིས་ཁོ་རང་དོར་ནས་གསོད་པ༌དང༌། ཡང་ཉིན་གསུམ་པ་ལ་སླར་གསོན་པར་འགྱུར་ཞེས་གསུངས༌སོ།།
23 ཡང་སྐྱབས་མགོན་ཡེ་ཤུས་མི་ཐམས་ཅད་ལ་འདི་སྐད༌དུ། སུ་ཞིག་ང་ཡི་རྗེས་སུ་འབྲང་འདོད༌ན། རང་ཉིད་དོར་ནས་ཉིན་རེ་བཞིན་རང་གི་ཤིང་རྒྱ་གྲམ་ཁུར་ཏེ་ང་ཡི་རྗེས་སུ་འབྲང་བར་གྱིས།
24 སུ་ཞིག་གིས་རང་སྲོག་སྐྱོབ་འདོད་པ་དེས་རང་སྲོག་འཆོར་བ༌དང༌། སུ་ཞིག་གིས་བདག་གི་དོན་དུ་རང་སྲོག་འདོར་བ་དེས་རང་སྲོག་སྐྱོབ་ངེས་ཡིན།
25 སུ་ཞིག་གིས་འཇིག་རྟེན་ཧྲིལ་པོ་རག་ཀྱང་རང་སྲོག་བོར་བའམ་བརླག་ན་ཅི་ལ༌ཕན།
26 སུ་ཞིག་གིས་ང་དང་ངའི་བཀའ་ངོ་ཚ་ཞིག་ཏུ་བརྩིས༌ན། མིའི་བུ་རང་ཉིད་ཀྱི་གཟི་བརྗིད༌དང༌། ཡབ་དང་ཕོ་ཉ་དམ་པ་རྣམས་ཀྱི་གཟི་བརྗིད་ངང་ཕེབས་ཡོང༌དུས། མི་དེ་ཡང་ངོ་ཚ་ཞིག་ཏུ་བརྩི་ངེས༌ཡིན།
27 བདག་གིས་ཁྱོད་ཅག་ལ་བདེན་པར་སྨྲ༌སྟེ། འདི་རུ་སྡོད་པའི་མི་རྣམས་ལས་འགའ་ཞིག་གིས་འཆི་བ་དངོས་སུ་མ་མྱོང་བའི་སྔོན་དུ་དཀོན་མཆོག་གི་རྒྱལ་སྲིད་མཐོང་བར་ངེས་ཞེས་གསུངས༌སོ།།
རི་བོ་ཞིག་ཏུ་རྟགས་ངོ་མཚར་ཅན་བྱུང༌བ།
28 སྐྱབས་མགོན་ཡེ་ཤུས་གོང་གི་བཀའ་དེ་དག་གསུངས་ནས་ཉིན་བརྒྱད་ཙམ་འགོར༌རྗེས། ཁོང་གིས་པེ་ཏྲོ༌དང༌ཡོ་ཧ༌ནན། ཡ་ཀོབ་བཅས་ཁྲིད་ནས་རི་མགོར་གསོལ་བ་འདེབས་སུ་ཕེབས༌ཤིང༌།
29 གསོལ་བ་འདེབས་བཞིན་པའི་སྐབས༌སུ། ཁོང་གི་ཞལ་རས་འགྱུར་ཞིང་ན་བཟའ་དཀར་པོར་གྱུར་པ་དང་འོད་འཕྲོ་བ་རེད།
30-31 གློ་བུར༌ཉིད་ལ་མོ་ཤེ་དང་ཨེ་ལི་ཡཱ་གཉིས་གཟི་བརྗིད་ངང་དངོས་སུ་མངོན༌ཅིང༌། སྐྱབས་མགོན་ཡེ་ཤུ་དང་གསུང་མོལ་མཛད་པ་དང་ཁོང་ཉིད་སྐུ་གཤེགས་པར་འགྱུར་བའི་དོན༌ཏེ། ཁོང་གིས་ཡེ་རུ་སཱ་ལེམ་དུ་བསྒྲུབ་ངེས་པའི་སྐོར་གསུངས་སོ།།
32 དེའི་དུས༌སུ། པེ་ཏྲོ་སོགས་རེ་ཞིག་གཉིད་ལ་ཡུར༌ཡང༌། ཁོ་རྣམས་གཉིད་ལས་སངས་ཏེ་སྐྱབས་མགོན་ཡེ་ཤུའི་གཟི་འོད༌དང༌། ཁོང་དང་མཉམ་དུ་སྐྱེས་བུ་གཉིས་ལངས་ཡོད་པའང་མཐོང༌བ་རེད།
33 མི་དེ་གཉིས་ཁོང་དང་ཁ་གྱེས་པའི་དུས༌སུ། པེ་ཏྲོ་ན༌རེ། སྟོན་པ༌ལགས། བདག་ཅག་འདི་རུ་བསྡད་ན་དངོས་གནས་ལེགས་པོ་འདུག གུར་གསུམ་ཡང་བཟོ་བར་བྱ༌སྟེ། ཁྱེད་ལ་གཅིག༌དང༌། མོ་ཤེ་ལ༌གཅིག ཨེ་ལི་ཡཱ་ལའང་གཅིག་གོ་ཞེས་ཅི་ཞིག་ཞུ་བཞིན་པ་གསལ་པོར་མ་ཤེས་པར་དེ་ལྟར་ཞུས་སོ།།
34 པེ་ཏྲོས་དེ་ལྟར་ཞུ་བཞིན་པའི་དུས༌སུ། སྤྲིན་ཕུང་ཞིག་བྱུང་ནས་ཁོང་རྣམས་བསྒྲིབས་ཤིང་སྤྲིན་ཕུང་ནང་དུ་འཇུག་པའི་ཚེ་ཐུགས་སྲས་གསུམ་པོ་འཇིགས་ཤིང་སྐྲག་པར་གྱུར།
35 སྤྲིན་ཕུང་ལས་སྐད་སྒྲ་ཞིག་གྲགས༌ཏེ། འདི་ནི་བདག་གི་བུ་ཡིན་ཞིང་། བདག་གིས་བདམས་པ་ཡིན་པས། ཁྱོད་རྣམས་ཀྱིས་ཁོའི་གཏམ་ལ་ཉོན་ཅིག་ཅེས་གསུངས་སོ།།
36 སྐད་སྒྲ་དེ་གྲགས་མཚམས་བཞག་པ་དང་སྐྱབས་མགོན་ཡེ་ཤུ་གཅིག་པུ་གནས་དེར་བཞུགས། ཉིན་དེ་དག་གི་རིང༌ལ། ཐུགས་སྲས་གསུམ་པོས་མཐོང་བའི་དོན་དེ་མི་གླེང་ཞིང་མི་གཞན་ལའང་མ་སྨྲས༌སོ།།
གདོན་འདྲེས་བཟུང་བའི་བུ་ཞིག་གསོས༌པ།
37 དེའི་ཕྱི༌ཉིན། ཁོང་རྣམས་རི་ལས་མར་ཕེབས་པ་དང་མི་ཤིན་ཏུ་མང་པོས་ཁོང་གི་མདུན་བསུས་ཤིང་མཇལ་ལོ།།
38 དེ་རྣམས་ལས་མི་ཞིག་གིས་སྐད་ཆེན༌པོས། སློབ་དཔོན༌ལགས། ངའི་བུ་ལ་གཟིགས་སྐྱོང་གནང་བར༌མཛོད། ཁོ་ནི་བདག་གི་བུ་གཅིག་པུ་ཡིན།
39 གདོན་འདྲེས་ཁོ་རང་བཟུང་མ་ཐག་གློ་བུར་ཉིད་ལ་འུར་རྒྱག་ཅིང་ལུས་པོ་དྲག་ཏུ་སྤྲུགས་པ་དང་ཁ་ནས་ལྦུ་བ་བཞུར༌བ། ལུས་ལ་གནོད་པ་ཆེན་པོ་འབྱུང་བའི་བར་དུ་གདོན་འདྲེ་དེ་ཁོའི་ལུས་ནས་ཕྱིར་འབུད༌དཀའ་བ་རེད།
40 ངས་ཁྱེད་ཀྱི་ཐུགས་སྲས་རྣམས་ལ་གདོན་འདྲེ་དེ་ཕྱིར་བསྐྲོད་པར་ཞུ་བ་ཞུས་ཀྱང་ཁོ་རྣམས་ཀྱིས་བསྐྲོད་མ་ནུས་ཞེས་ཞུས་སོ།།
41 སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཀྱེ། དད་པ་མེད་པ་དང་ཕྱིན་ཅི་ལོག་པའི་མི་རབས་འདི། ང་རང་དུས་ནམ་ཞིག་གི་བར་དུ་ཁྱོད་ཅག་དང་མཉམ་དུ་གནས་ཤིང་བཟོད་བསྲན་བྱེད་དགོས༌སམ། ཁྱོད་ཀྱི་བུ་དེ་འདིར་ཁྲིད་ཤོག་ཅིག་ཅེས་གསུངས་སོ།།
42 བུ་དེ་ཚུར་ཁྲིད་ཡོང༌དུས། གདོན་འདྲེས་བུ་དེ་ས་ལ་བསྒྱེལ་བ་དང་ལུས་པོ་དྲག་ཏུ་སྤྲུགས། འོན་ཀྱང་སྐྱབས་མགོན་ཡེ་ཤུས་གདོན་འདྲེ་ལ་བཀའ་བཀྱོན་མཛད་ཅིང་བུ་བསྐྱབས་ཏེ་ཕྱིར་ཁོའི་ཕ་ལ་སྤྲད།
43 མི་ཀུན་ཀྱང་དཀོན་མཆོག་གི་ནུས་མཐུ་ལ་ཤིན་ཏུ་ངོ་མཚར་བར་གྱུར༌ཏོ།།
མི་རྣམས་སྐྱབས་མགོན་ཡེ་ཤུས་མཛད་པའི་དོན་ཐམས་ཅད་ལ་ངོ་མཚར་སྐྱེ་བཞིན་པའི་དུས༌སུ། ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ།
44 ཁྱོད་ཅག་གིས་རྣ་བ་བླགས་ནས་གཏམ་འདིར་ཉན་དགོས། ཕྱིས་སུ་མིའི་བུ་ཁོ་རང་མི་རྣམས་ཀྱི་ལག་ཏུ་སྤྲོད་པར་འགྱུར་ཞེས་གསུངས་ནའང་།
45 ཐུགས་སྲས་རྣམས་ཀྱིས་གསུང་དེའི་དོན་མ་རྟོགས་སོ།། དེ་ནི་མི་སུ་ལའང་ཤེས་སུ་མི་འཇུག་པའི་ཕྱིར་གབ་པ་ཡིན། ཐུགས་སྲས་རྣམས་ཀྱིས་ཀྱང་གསུང་འདིའི་དོན་ཅི་ཡིན་ཁོང་ལ་འདྲི་མ་ཕོད༌དོ།།
སུ་ཞིག་མཆོག་ཏུ་གྱུར་པ་ཡིན་པར་རྩོད་གླེང་བྱུང༌བ།
46 ཐུགས་སྲས་རྣམས་ཀྱི་ཁྲོད་དུ་ཁོ་རྣམས་ལས་སུ་ཞིག་མཆོག་ཏུ་གྱུར་པ་ཡིན་པར་རྩོད་གླེང་བྱུང་ངོ༌།།
47 སྐྱབས་མགོན་ཡེ་ཤུས་ཀྱང་ཁོ་རྣམས་ཀྱི་བསམ་ཚུལ་མཁྱེན་ཏེ་བྱིས་པ་ཆུང་ངུ་ཞིག་རང་ཉིད་ཀྱི་དྲུང་དུ་ཁྲིད་ནས་སྡོད་དུ་བཅུག༌སྟེ།
48 ཁོང་གིས་འདི་སྐད༌དུ། སུ་ཞིག་གིས་ངའི་མིང་གི་ཕྱིར་བྱིས་པ་ཆུང་ངུ་འདི་ལྟ་བུར་བསུ་བ་བྱས་ན། དོན་དམ་དུ་བདག་ལ་བསུ་བ་བྱས་པ་ཡིན་ལ། སུ་ཞིག་གིས་ང་རང་ལ་བསུ་བ་བྱས་པ་ཡིན་ན། དོན་དམ་དུ་ང་རང་མངགས་མཁན་ཁོང་ལ་བསུ་བ་བྱས་པ་ཡིན། རྒྱུ་མཚན་ནི་ཁྱོད་ཅག་ལས་ཆུང་ཤོས་དེ་ནི་ཁྱོད་རྣམས་ལས་མཆོག་ཏུ་གྱུར་པ་ཡིན་ཞེས་གསུངས༌སོ།།
49 ཡོ་ཧ་ནན་ན༌རེ། སྟོན་པ༌ལགས། མི་གཞན་ཞིག་གིས་ཁྱེད་ཀྱི་མཚན་ལ་བརྟེན་ནས་གདོན་འདྲེ་སྐྲོད་བཞིན་པ་ངེད་རྣམས་ཀྱིས་མཐོང༌བྱུང་ངོ་།། འོན༌ཀྱང༌། མི་དེ་ནི་ངེད་རྣམས་དང་མཉམ་དུ་ཁྱེད་ཀྱི་རྗེས་སུ་མི་འབྲང་བས། ངེད་རྣམས་ཀྱིས་དོན་དེ་ལྟར་བྱེད་པ་བཀག་པ་ཡིན་ཞེས་ཞུས་པ༌ན།
50 སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཁྱོད་ཅག་དགྲ་རུ་མི་འཛིན་པ་དེ་ནི་ཁྱོད་ཅག་གི་ཕྱོགས་ཡིན་པས་ཁོ་རང་མ་འགོག་ཅིག་ཅེས་གསུངས༌སོ།།
སཱ་མར་ཡ་ཡུལ་གྱི་མི་རྣམས་ཀྱིས་ཁོང་ལ་བསུ་བ་མ་བྱས་པ།
51 སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་འཕགས་པའི་དུས་སླེབས་ལ་ཉེ༌སྐབས། ཁོང་ཐུགས་མ་གཡེངས་པར་ཡེ་རུ་སཱ་ལེམ་དུ་ཕེབས་པར་རྩོམ་མོ།།
52 ཁོང་གིས་ཐོག་མར་བང་ཆེན་སྔོན་དུ་མངགས༌ཤིང༌། མི་དེ་རྣམས་སཱ་མར་ཡ་ཡུལ་གྱི་གྲོང་སྡེ་ཞིག་ལ་ཁོང་ཉིད་ཕེབས་འགྱུར་ལ་སྟ་གོན་བྱེད་དུ་སོང༌།
53 འོན༌ཀྱང༌། ཁོང་རྣམས་ཡེ་རུ་སཱ་ལེམ་གྱི་ཕྱོགས་སུ་ཕེབས་བཞིན་པའི་རྐྱེན་གྱིས་སཱ་མར་ཡ་པ་རྣམས་ཀྱིས་ཁོང་ལ་བསུ་བ་མ་བྱས་སོ།།
54 ཁོང་གི་ཐུགས་སྲས་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཀྱིས་གནས་ཚུལ་དེ་མཐོང་ནས་ན༌རེ། གཙོ་བོ༌ལགས། ངེད་ཅག་གིས་ནམ་མཁའ་ལས་མེ་ཕབ་སྟེ་མི་དེ་རྣམས་བསྲེག་པར་བྱས་ན་ཁྱེད་རང་ཐུགས་དགྱེས་སམ་ཞེས་ཞུས་པ༌ན།
55 སྐྱབས་མགོན་ཡེ་ཤུ་ཞལ་ཕྱིར་འཁོར་ནས་དེ་གཉིས་ལ་བཀའ་བཀྱོན་གནང༌། ཁྱོད་གཉིས་ཀྱིས་རང་གི་སེམས་ནི་ག་འདྲ་ཡིན་པ་མི་ཤེས།
56 མིའི་བུ་ནི་མིའི་སྲོག་མེད་པར་བཟོ་བའི་ཕྱིར་འོངས་པ་མ་ཡིན༌པར། མིའི་སྲོག་སྐྱོབ་པའི་ཕྱིར་འོངས་པ་ཡིན་ཞེས་གསུངས་སོ།། དེ་ནས་ཁོང་རྣམས་ལྷན་དུ་གྲོང་སྡེ་གཞན་ཞིག་ལ་ཕེབས༌སོ།།
སྐྱབས་མགོན་ཡེ་ཤུའི་རྗེས་སུ་འབྲང་མཁན་གྱི་འོས་འགན༌སྐོར།
57 ཡང་ཁོང་རྣམས་ལམ་དུ་ཆས༌སྐབས། མི་ཞིག་གིས་སྐྱབས་མགོན་ཡེ་ཤུ༌ལ། ཁྱེད་རང་གང་དུ་ཕེབས་ནའང་ང་རང་ཁྱེད་ཀྱི་རྗེས་སུ་འབྲང་ངོ་ཞེས་ཞུས་པ༌ན།
58 ཁོང་གིས་འདི་སྐད༌དུ། ཝ་ལ་ཁུང་བུ་དང་ནམ་མཁའི་བྱ་ལའང་ཚང་ཡོད༌ཀྱང༌། མིའི་བུ་ལ་མགོ་སྔས་ས་ཙམ་ཡང་མེད་ཅེས་གསུངས་སོ།།
59 ཡང་ཁོང་གིས་མི་གཞན་ཞིག་ལ་འདི་སྐད༌དུ། ང་ཡི་རྗེས་སུ་ཤོག་ཅེས་གསུངས་པ༌ན། མི་དེ་ན༌རེ། གཙོ་བོ༌ལགས། ང་རང་ཐོག་མར་རང་ཡུལ་དུ་ཕ་དུར་ལ་སྦ་རུ་འགྲོ་བར་མཛོད་ཅེས་ཞུས་པ༌དང༌།
60 ཡང་ཁོང་གིས་འདི་སྐད༌དུ། བེམ་པོ་དང་འདྲ་བའི་མི་རྣམས་ལ་རང་གི་བེམ་པོ་དུར་ལ་སྦ་བར་གྱིས་ཤིག འོན་ཀྱང་ཁྱོད་རང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཆོས་བསྒྲག་ཏུ་སོང་ཞིག་ཅེས་གསུངས་སོ།།
61 ཡང་མི་གཞན་ཞིག་ན༌རེ། གཙོ་བོ༌ལགས། ང་རང་ཁྱེད་ཀྱི་རྗེས་སུ་འབྲང་འདོད༌མོད། འོན་ཀྱང་ང་རང་སྔོན་དུ་ཁྱིམ་ལ་སོང་ནས་ཡུལ་མི་རྣམས་དང་གྱེས་མཇལ་ཞུ་བར་མཛོད་ཅེས་ཞུས་པ༌དང༌།
62 ཡང་སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ལག་པས་གཤོལ་མདའ་བཟུང་ནས་ཕྱིར་མིག་གིས་ལྟ་མཁན་སུ་ཡིན་ཡང་དཀོན་མཆོག་གི་རྒྱལ་སྲིད་ལ་ཞུགས་མི་འོས་པ་ཡིན་ཞེས་གསུངས༌སོ།།