ལེའུ་བརྒྱད༌པ།
བུད་མེད་རྗེས་འབྲང་པའི༌སྐོར།
1 ཡུན་རིང་མ་འགོར༌བར། སྐྱབས་མགོན་ཡེ་ཤུ་གྲོང་ཁྱེར་དང་གྲོང་སྡེ་སོ་སོར་ཕེབས་ནས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་བསྒྲགས་ཤིང་སྤེལ་ཏོ།། ཁོང་དང་ལྷན་དུ་ཐུགས་སྲས་བཅུ་གཉིས་ཡོད༌ལ།
2 དེ་སྔར་གདོན་འདྲེས་བཟུང་བ་དང་ནད་ཀྱིས་མནར་བ་ལས་ཐར་བའི་བུད་མེད་འགའ་ཡང་མཆིས། དེ་དག་ནི་གདོན་འདྲེ་བདུན་ཕྱིར་སྤྲད་ཟིན་པའི་མཱག་རྡལ་གྱི་མིར་ཡམ༌དང༌།
3 ས་གནས་དཔོན་པོ་ཧེ་རོ་དཱའི་གཉེར་པ་ཀུ་སཱའི་ཆུང་མ་ཡོ་ཨན་ནཱ༌དང༌། གཞན་ཡང་སི་སན་ནཱ་སོགས་བུད་མེད་མང་པོ་ཡོད༌དེ། ཁོ་མོ་རྣམས་ཀྱིས་རང་གི་རྒྱུ་ནོར་སྤྱད་ནས་ཁོང་རྣམས་ལ་རྒྱབ་རོགས་བྱས༌སོ།།
4 གྲོང་རྡལ་སོ་སོ་ནས་མི་རྣམས་སྐྱབས་མགོན་ཡེ་ཤུར་མཇལ་དུ་ཡོང་སྟེ་མི་ཤིན་ཏུ་མང་པོ་འཛོམས་པ༌ན། ཁོང་གིས་དཔེའི་སྒོ་ནས་འདི་སྐད༌དུ།
5 ཞིང་འདེབས་མཁན་ཞིག་ཕྱི་རོལ་ཏུ་ཞིང་འདེབས་སུ་སོང་བ༌དང༌། ས་བོན་གཏོར་དུས། ས་བོན་ཁ་ཤས་ལམ་ཁར་ཐོར་བ་རྐང་པས་བརྫིས་ཤིང་ནམ་མཁའི་བྱ་ཡིས་ཟོས།
6 ས་བོན་ཁ་ཤས་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་ཞིང་ཡར་སྐྱེས་པ་ན་བརླན་གཤེར་མེད་པས་བསྐམས།
7 ས་བོན་ཁ་ཤས་ཚེར་མའི་གསེབ་ལ་ཐོར་ཞིང་ཚེར་མ་དང་མཉམ་དུ་སྐྱེས་པས་ཚེར་མས་མནན།
8 ཡང་ས་བོན་ཁ་ཤས་ས་གཤིན་ནང་དུ་ཐོར་ཞིང་ཆེར་སྐྱེས་ཏེ་འབྲས་བུ་ལྡབ་བརྒྱ་སྨིན་པ་ཡིན་ཞེས་གསུང་བཞིན་སྐད་ཆེན༌པོས། རྣ་བ་ཡོད་པ་ཐམས་ཅད་ཀྱིས་གཏམ་འདིར་ཉོན་ཅིག་ཅེས་གསུངས༌སོ།།
9 ཐུགས་སྲས་རྣམས་ཀྱིས་ཁོང་ལ་དཔེ་དེའི་དོན་ཅི་ཡིན་ཞེས་ཞུས་པ༌ན།
10 ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་རྣམས་ནི་ཁྱོད་ཅག་ལ་ཤེས་སུ་འཇུག་པ་ཡིན་ཡང༌། མི་གཞན་རྣམས་ལ་དཔེ་རུ་བཀོད་ནས་བརྗོད་པ་ཡིན། དེ་ནི་མི་དེ་རྣམས་ཀྱིས་མིག་གིས་བལྟས་ཀྱང་མི་མཐོང་བ་དང་རྣ་བས་ཐོས་ཀྱང་དོན་མི་རྟོགས་པའི་ཕྱིར་ཡིན་ཞེས་གསུངས་སོ།།
11 ཡང་ཁོང་གིས་དཔེ་དེའི་དོན་འདི་ལྟ༌སྟེ། ས་བོན་ནི་དཀོན་མཆོག་གི་བཀའ་ཡིན།
12 ས་བོན་ལམ་ཁར་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས༌ནའང༌། བདུད་ཡོང་ནས་དད་པ་མི་བྱེད་ཅིང་ཐར་པའང་མི་འཐོབ་པའི༌ཕྱིར། མི་དེ་རྣམས་ཀྱི་སེམས་ལས་བཀའ་ཕྲོགས་ཏེ་ཁྱེར་སོང་བ་རྣམས་ཡིན།
13 དེ་བཞིན་དུ་ས་ཉུང་སའི་རྡོ་གསེབ་ཏུ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ཚེ་དགའ་ཞིང་དང་དུ་བླངས༌ནའང༌། སེམས་སུ་རྩ་བ་མ་རྒྱས་པས་དུས་ཡུན་ཐུང་ངུ་ལ་དད་པ་བྱེད་ཀྱང་ཉམས་ཚོད་དང་འཕྲད་དུས་དད་པ་ལོག་པ་རྣམས་ཡིན།
14 ཡང་ཚེར་མའི་གསེབ་ལ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ཀྱང་རིམ་གྱིས་ཚེ་འདིའི་སེམས་ཁུར༌དང༌། རྒྱུ་ནོར་དང་འདོད་ཡོན་ལ་ཆགས་པའི་དབང་གིས་བཀའ་མནན་ཏེ་རང་སེམས་སུ་འབྲས་བུ་སྨིན་མ་ཐུབ་པ་རྣམས་ཡིན།
15 ཡང་ས་གཤིན་ནང་དུ་ཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་ཐོས་ཏེ། གཞུང་རྒྱུད་དྲང་ཞིང་ངང་རྒྱུད་བཟང་པོའི་ངང་ནས་སེམས་སུ་དམ་པོར་བཟུང་ཞིང་བཟོད་བསྲན་གྱིས་འབྲས་བུ་སྨིན་དུ་འཇུག་པ་རྣམས་ཡིན་ཞེས་གསུངས༌སོ།།
སྒྲོན་མེའི༌དཔེ།
16 ཡང་ཁོང་གིས་འདི་སྐད༌དུ། མི་སུས་ཀྱང་སྒྲོན་མེ་བསྒྲོན་རྗེས་སྣོད་ཀྱིས་མི་འགེབས༌ལ། མལ་ཁྲིའི་འོག་ཏུའང་མི་འཇོག༌པར། ནང་དུ་ཡོང་བའི་མི་རྣམས་ཀྱིས་འོད་མཐོང་བའི་ཕྱིར་སྒྲོན་སྟེགས་སྟེང་དུ་འཇོག་པ་ཡིན་ནོ།།
17 རྒྱུ་མཚན་ནི་སྦས་པའི་དོན་ཐམས་ཅད་མི་མངོན་པ་ཅི་ཡང་མེད༌ལ། གསང་བའི་དོན་ཐམས་ཅད་ཀྱང་མངོན་པར་མི་འགྱུར་བའམ་མི་ཤེས་པ་ཅི་ཡང་མེད།
18 དེའི༌ཕྱིར། ཁྱོད་ཅག་གིས་ཅི་ལྟར་མཉན་པ་ལ་གཟབ་པར༌གྱིས། རྒྱུ་མཚན་ནི་སུ་ཞིག་ལ་ཡོད་པ་དེ་ལ་ད་དུང་ཡང་གནང་ངེས༌ཤིང༌། སུ་ཞིག་ལ་མེད་པ་དེ་ལས་རང་ལ་ཡོད་འདོད་པ་དེའང་ཕྱིར་ལེན་པར་འགྱུར་ཞེས་གསུངས༌སོ།།
སྐྱབས་མགོན་ཡེ་ཤུའི་ཡུམ་དང་ཁོང་གི་སྐུ་མཆེད༌རྣམས་ཀྱི་སྐོར།
19 སྐྱབས་མགོན་ཡེ་ཤུའི་ཡུམ་དང་ཁོང་གི་སྐུ་མཆེད་རྣམས་ཁོང་ལ་མཇལ་དུ་ཡོང༌ནའང༌། གནས་དེར་མི་མང་པོ་འཛོམས་པས་ཁོང་གི་དྲུང་དུ་འགྲོ་མ་ཐུབ།
20 མི་ཞིག་གིས་ཁོང་ལ་ཁྱེད་ཀྱི་ཡུམ་དང་སྐུ་མཆེད་རྣམས་སླེབས་ཏེ་ཕྱི་རོལ་ཏུ་ལངས་བསྡད་ཡོད༌ལ། ཁྱེད་ལ་མཇལ་འདོད་ཟེར་ཞེས་ཞུས་སོ།།
21 འོན་ཀྱང་། ཁོང་གིས་དེ་རྣམས་ལ་འདི་སྐད༌དུ། དཀོན་མཆོག་གི་བཀའ་ལ་ཉན་ཞིང་དེ་ལྟར་བྱེད་པ་རྣམས་ནི་བདག་གི་མ་དང་སྤུན་རྣམས་ཡིན་ཞེས་གསུངས༌སོ།།
རླུང་ཤུགས་དང་མཚོ་རླབས་ཞི་བར་མཛད༌པ།
22 ཡང་ཉིན་ཞིག༌ལ། སྐྱབས་མགོན་ཡེ་ཤུ་དང་ཐུགས་སྲས་རྣམས་མཚོ་གྲུར་བསྡད༌ཅིང༌། ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ངེད་ཅག་མཚོའི་ཕ་རོལ་ཏུ་འགྲོའོ་ཞེས་གསུངས་ཤིང་ཁོ་རྣམས་ཀྱིས་གྲུ་གཏོང་འགོ་བརྩམས།
23 མཚོ་གྲུ་མདུན་དུ་སྐྱོད་བཞིན་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་མནལ་ལ་གཟིམས། གློ་བུར༌ཉིད་ལ། མཚོ་ཐོག་ནས་རླུང་ཆེན་གཡུགས་ཤིང་མཚོ་གྲུའི་ནང་དུ་ཆུས་འགེང་བཞིན་སྣུབ་ཉེན་ཆེ་བའི་སྐབས༌སུ།
24 ཐུགས་སྲས་རྣམས་ཡོང་ནས་སྐྱབས་མགོན་ཡེ་ཤུ་གཟིམས་ལས་བསླངས༌ཏེ། སྟོན་པ༌ལགས། སྟོན་པ་ལགས། བདག་ཅག་འཆི་ལ་ཉེའོ་ཞེས་ཞུས་པ༌ན། ཁོང་ཡར་བཞེངས་ཏེ་རླུང་དང་རྦ་རླབས་ལ་བཀའ་བཀྱོན་མཛད༌པས། མཚོ་རླུང་གཡུག་མཚམས་ཆད་ཅིང་རྦ་རླབས་ཞི་བར་གྱུར་ཏོ།།
25 ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གི་དད་སེམས་གང་དུ་ཡོད་ཅེས་གསུངས་པ༌དང༌། དེ་རྣམས་འཇིགས་ཤིང་སྐྲག་པ་དང་ངོ་མཚར་བར་གྱུར་ནས་ཕན་ཚུན་ལ་འདི༌ལྟར་དུ། འདི་ནི་སུ་ཡིན༌ནམ། ཁོང་གིས་རླུང་དང་མཚོ་ལ་བཀའ་གནང༌ཞིང༌། དེས་ཀྱང་ཁོང་གི་བཀའ་ལ་ཉན་ཞེས་སྨྲས༌སོ།།
གདོན་འདྲེས་བཟུང་བའི་མི་ཞིག་གསོས༌པ།
26 ཁོང་རྣམས་མཚོ་གྲུར་བསྡད་ནས་མཚོ་ག་ལིལ་ཕ་རོལ་གྱི་གེ་ར་སཱ་ཡུལ་དུ་སོང་ངོ་།།
27 སྐྱབས་མགོན་ཡེ་ཤུ་གྲུ་ལས་སྐམ་སར་ཕེབས༌པའི་ཚེ། ཡུལ་དེའི་གྲོང་ཁྱེར་གྱི་གདོན་འདྲེས་བཟུང་བའི་མི་ཞིག་ཁོང་ལ་མཇལ། མི་དེ་ནི་ཡུན་རིང་པོར་གོན་པ་མ་གྱོན་ཞིང་ཁང་པའི་ནང་དུའང་མ་བསྡད་པར་དུར་ཁྲོད་དུ་སྡོད་པ་ཞིག་ཡིན།
28 མི་དེས་སྐྱབས་མགོན་ཡེ་ཤུ་མཐོང་བ་དང་ཁོང་གི་དྲུང་དུ་ཕྱག་བཙལ་ནས་སྐད་ཆེན༌པོས། ཀྱེ། བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ༌ལགས། ངེད་གཉིས་ཀྱི་བར་དུ་འབྲེལ་བ་ཅི་མཆིས༌སམ། ངས་ཁྱེད་ལ་ཞུ་བ་བྱེད༌དེ། ཁྱེད་ཀྱིས་ང་རང་སྡུག་ལ་མི་སྦྱོར་བར་མཛོད་ཅེས་ཞུས་སོ།།
29 རྒྱུ་མཚན་ནི་ཁོང་གིས་དེ་སྔར་གདོན་འདྲེ་ལ་མི་དེའི་ལུས་ནས་ཕྱིར་འབུད་དགོས་པའི་བཀའ་གནང་མྱོང་བས༌སོ།། མ་གཞི་གདོན་འདྲེས་མི་དེ་ཐེངས་དུ་མར་བཟུང་བ༌དང༌། མི་རྣམས་ཀྱིས་མི་དེ་ལྕགས་ཐག་གིས་བཀྱིགས་ཤིང་ལྕགས་སྒྲོག་བརྒྱབ་སྟེ་རྒྱུན་དུ་བསྲུངས་ནའང་གདོན་འདྲེ་དེས་ལྕགས་ཐག་དང་ལྕགས་སྒྲོག་ཐམས་ཅད་བཅད་ནས་མི་དེ་དབེན་སྟོང་དུ་བསྐྲད་པ་ཡིན།
30 སྐྱབས་མགོན་ཡེ་ཤུས་མི་དེ་ལ་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ༌ན། ཁོ་ན༌རེ། ངའི་མིང་ལ་དཔུང་ཚོགས་ཟེར་ཞེས་ཞུས་སོ།། རྒྱུ་མཚན་ནི་མི་དེར་ཞུགས་པའི་གདོན་འདྲེ་ཤིན་ཏུ་མང་བས༌སོ།།
31 གདོན་འདྲེ་རྣམས་ཀྱིས་ཁོ་རྣམས་ཞབས་མེད་པའི་དོང་ནང་དུ་འཕེན་པའི་བཀའ་མི་གནང་བའི་ཕྱིར་ཁོང་ལ་ཞུ་བ་ཞུས།
32 དེའི་ཚེ་རི་སྒང་ནས་ཕག་ཁྱུ་ཆེན་པོ་ཞིག་འཚོ་བཞིན་ཡོད་པ༌དང༌། གདོན་འདྲེ་དག་གིས་ཁོ་རྣམས་ཕག་ཁྱུའི་ནང་དུ་འཇུག་པར་མཛོད་ཅེས་ཞུ་བ་ཞུས་པ༌ལ། ཁོང་གིས་ཀྱང་དེ་རྣམས་ཀྱི་ཞུ་བ་ལྟར་གནང༌བས།
33 གདོན་འདྲེ་རྣམས་མི་དེའི་ལུས་ནས་ཕྱིར་བུད་དེ་ཕག་གི་ནང་དུ་ཞུགས་པ༌དང༌། ཕག་ཁྱུ་དེའང་གཡང་གཟར་དུ་བརྒྱུགས་ཤིང་མཚོ་ནང་དུ་ལྷུང་སྟེ་ནུབ་ནས༌ཤིའོ།།
34 ཕག་རྫི་རྣམས་ཀྱིས་དོན་དེ་མཐོང་ནས་བྲོས་པ༌དང༌། གྲོང་ཁྱེར་དང་གྲོང་སྡེའི་མི་རྣམས་ལ་གནས་ཚུལ་དེ་སྨྲས༌པས།
35 མི་རྣམས་ཅི་ཞིག་བྱུང་བར་བལྟ་རུ་ཡོང་བ་དང་སྐྱབས་མགོན་ཡེ་ཤུའི་དྲུང་དུ་སླེབས་དུས། སྔར་གདོན་འདྲེ་ཕྱིར་བསྐྲད་ཟིན་པའི་མི་དེ་དྲན་པ་སོས་ཤིང་ལུས་ལ་གོས་གྱོན་ཏེ་སྐྱབས་མགོན་ཡེ་ཤུའི་ཞབས་དྲུང་དུ་ཙོག་པུར་བསྡད་ཡོད་པ་མཐོང་ནས་ཁོ་རྣམས་འཇིགས༌པ་རེད།
36 དོན་དེ་མཐོང་མཁན་རྣམས་ཀྱིས་གདོན་འདྲེས་བཟུང་བའི་མི་དེ་ཇི་ལྟར་སོས་པའི་གནས་ཚུལ་མི་ཚོགས་ལ་སྨྲས་པ༌དང༌།
37 གེ་ར་སཱ་ཡུལ་དང་དེའི་མཐའ་འཁོར་གྱི་ཡུལ་མི་ཐམས་ཅད་ཤིན་ཏུ་འཇིགས་པར་གྱུར༌ཏེ། སྐྱབས་མགོན་ཡེ་ཤུ་ཁོ་རྣམས་དང་འབྲལ་དགོས་པར་ཞུ་བ་ཞུས༌པས། སྐྱབས་མགོན་ཡེ་ཤུ་དང་བཅས་པ་མཚོ་གྲུར་བཞུགས་ནས་ཕྱིར་ཕེབས་སོ།།
38 འོན༌ཀྱང༌། ལུས་ནས་གདོན་འདྲེ་ཕྱིར་བསྐྲད་ཟིན་པའི་མི་དེས་སྐྱབས་མགོན་ཡེ་ཤུ་དང་ལྷན་དུ་འགྲོ་རུ་འཇུག་པར་ཞུ་བ་ཞུས༌ནའང༌། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ།
39 ཁྱོད་རང་ཕྱིར་རང་ཡུལ་དུ་སོང༌དང༌། དཀོན་མཆོག་གིས་ཁྱོད་ལ་དོན་ཆེན་ཅི་ལྟ་བུ་མཛད་པ་རྣམས་ཤོད་ཅིག་ཅེས་བཀའ་གནང་བ༌དང༌། མི་དེ་ཕྱིར་སོང་ནས་སྐྱབས་མགོན་ཡེ་ཤུས་ཁོ་རང་ལ་ཕན་ཆེན་པོ་ཅི་ལྟ་བུ་བཏགས་པ་རྣམས་གྲོང་ཁྱེར་ཡོངས་ལ་བསྒྲགས་སོ།།
མོ་ནད་བསལ་བ་དང་ཤི་ཟིན་པའི་བུ་མོ་སླར་གསོན་པར་མཛད༌པ།
40 སྐྱབས་མགོན་ཡེ་ཤུ་ཕྱིར་ཕེབས་པའི་སྐབས༌སུ། ཁོང་ལ་སྒུག་བཞིན་པའི་མི་ཚོགས་ཀྱིས་ཁོང་ལ་བསུ་བ༌བྱས་སོ།།
41 གནས་དེར་ཆོས་ཁང་གི་དབུ་འཛིན་པ་ཡ་ཨིར་ཟེར་བ་ཞིག་ཡོད་པ་ཡོང་ནས་སྐྱབས་མགོན་ཡེ་ཤུའི་ཞབས་དྲུང་དུ་ཕྱག་བཙལ་ཏེ་ཁོའི་ཁྱིམ་དུ་ཕེབས་དགོས་པར་ཞུ་བ་ཞུས་སོ།།
42 རྒྱུ་མཚན་ནི་མི་དེར་ལོ་བཅུ་གཉིས་ཙམ་གྱི་བུ་མོ་གཅིག་ཡོད་པ་ད་ལྟ་འཆི་ལ་ཉེ་བས༌སོ།། སྐྱབས་མགོན་ཡེ་ཤུ་ཁྱིམ་དེར་ཕེབས་བཞིན་པའི་དུས༌སུ། མི་ཚོགས་ཀྱིས་ཁོང་གི་མཐའ་ནས་བསྐོར་ཅིང་འཚང་ཁ་བརྒྱབ་བོ།།
43 དེའི་ཚེ། ཁྲག་འཛིར་བའི་མོ་ནད་བྱུང་སྟེ་ལོ་བཅུ་གཉིས་འགོར་བའི་བུད་མེད་ཅིག་ཡོད་པ༌ལ། སྨན་པ་བསྟེན་ནས་ཁོ་མོར་ཅི་ཡོད་པ་ཐམས་ཅད་བཀོལ་ཚར༌ནའང༌། སུས་ཀྱང་ནད་དེ་འཇོམས་མ་ནུས་སོ།།
44 བུད་མེད་དེ་སྐྱབས་མགོན་ཡེ་ཤུའི་སྐུ་རྒྱབ་ཏུ་ཡོང་སྟེ་ཁོང་གི་ན་བཟའི་འདབས་ཁར་རེག་མ་ཐག་ཁོ་མོའི་ཁྲག་བཞུར་མཚམས་རྦད་དེ་ཆད།
45 སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་ལ་རེག་མཁན་སུ་ཡིན་ནམ་ཞེས་དྲིས་ནའང་མི་སུས་ཀྱང་ཁས་མ་བླངས་པ༌ན། པེ་ཏྲོ་ན༌རེ། སྟོན་པ༌ལགས། མི་མང་པོས་ཁྱེད་ཀྱི་མཐའ་ནས་བསྐོར་ཞིང་འཚང་ཁ་བརྒྱབ་ཅེས་ཞུས༌ནའང༌།
46 སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། བདག་གི་ལུས་ནས་ནུས་མཐུ་ཞིག་ཕྱིར་ཐོན་པ་ཚོར་བྱུང་བས་མི་ཞིག་གིས་བདག་ལ་རེག་ཅེས་གསུངས་སོ།།
47 བུད་མེད་དེས་དོན་འདི་གསང་མི་ཐུབ་པ་ཤེས༌ཏེ། སྐྲག་ཅིང་འདར་བཞིན་སྐྱབས་མགོན་ཡེ་ཤུའི་དྲུང་དུ་ཡོང་ནས་ཕྱག་བཙལ་ཞིང༌། ཁོང་གི་ན་བཟའ་ལ་རེག་པའི་རྒྱུ་མཚན་དང་རེག་པ་ཙམ་གྱིས་ཁོ་མོའི་མོ་ནད་ཇི་ལྟར་སོས་པའི་དོན་དེ་མི་ཐམས་ཅད་ཀྱི་མདུན་ནས་སྨྲས་སོ།།
48 སྐྱབས་མགོན་ཡེ་ཤུས་བུད་མེད་དེ་ལ་འདི་སྐད༌དུ། བུ༌མོ། ཁྱོད་ཀྱི་དད་པས་ཁྱོད་རང་བསྐྱབས་པ༌ཡིན། བདེ་བར་ཕྱིར་སོང་ཞིག་ཅེས་གསུངས༌སོ།།
49 ཁོང་གིས་དེ་ལྟར་གསུང་བཞིན་པའི་དུས༌སུ། མི་ཞིག་ཆོས་ཁང་གི་དབུ་འཛིན་པའི་ཁྱིམ་ནས་ཡོང་སྟེ་ན༌རེ། ཁྱེད་ཀྱི་བུ་མོ་ཤི་ཟིན་པས་ད་ལྟ་སློབ་དཔོན་ལ་འོ་བརྒྱལ་མ་བྱེད་ཅེས་སྨྲས༌ཤིང༌།
50 སྐྱབས་མགོན་ཡེ་ཤུས་གཏམ་དེ་གསན་ནས་ཆོས་ཁང་གི་དབུ་འཛིན་པ་ལ་འདི་སྐད༌དུ། མ་འཇིགས་པར་དད་པ་ཁོ་ན་བྱོས༌དང༌། བུ་མོ་བསྐྱབ་པར་འགྱུར་ཞེས་གསུངས་པ༌དང༌།
51 དབུ་འཛིན་པའི་ཁྱིམ་དུ་ཕེབས༌སྐབས། ཁོང་གིས་པེ་ཏྲོ་དང་། ཡ༌ཀོབ། ཡོ་ཧ༌ནན། གཞན་ཡང་བུ་མོའི་ཕ་མ་ལས་གཞན་མི་སུ་ཡང་ཁྱིམ་དུ་མི་ཡོང་བར་བྱས།
52 མི་ཐམས་ཅད་ཀྱིས་བུ་མོ་དེར་མྱ་ངན་བྱེད་ཅིང༌ངུའོ༎ ཁོང་གིས་འདི་སྐད༌དུ། མ་ངུ༌ཞིག བུ་མོ་ཤི་བ་མ་ཡིན་པར་གཉིད་འདུག་ཅེས་གསུངས་པ༌ན།
53 དེ་རྣམས་ཀྱིས་བུ་མོ་ཤི་ཟིན་པ་ཤེས་ནས་ཁོང་ལ་འཕྱ་དགོད་བྱས་སོ།།
54 འོན་ཀྱང་། སྐྱབས་མགོན་ཡེ་ཤུས་བུ་མོ་དེའི་ལག་པར་འཇུས༌ཏེ། བུ་མོ། ཡར་ལོངས་ཤིག་ཅེས་བཀའ་གནང་བ༌ན།
55 བུ་མོའི་རྣམ་ཤེས་ཕྱིར་ལོག་ཅིང་དེ་མ་ཐག་ཡར་ལངས། ཁོང་གིས་བུ་མོ་དེར་ཁ་ཟས་སྟེར་དགོས་པའི་བཀའ་གནང་བ༌དང༌།
56 བུ་མོའི་ཕ་མ་གཉིས་ཤིན་ཏུ་ངོ་མཚར་བར་གྱུར། འོན་ཀྱང་། སྐྱབས་མགོན་ཡེ་ཤུས་མི་དེ་རྣམས་ལ་དོན་འདི་མི་གཞན་སུ་ལའང་མི་སྨྲ་བའི་བཀའ་གནང༌ངོ༌།།