ལེའུ་བདུན་པ།
མེལ་ཀི་ཟེ་དེག་གི་སྐོར།
མེལ་ཀི་ཟེ་དེག་དེ་ནི་ཤཱ་ལེམ་གྲོང་ཁྱེར་གྱི་རྒྱལ་པོ་དང༌། བླ་ན་མེད་པའི་དཀོན་མཆོག་གི་མཆོད་དཔོན་ཡིན། མེས་པོ་ཨབ་ར་ཧམ་རྒྱལ་པོ་རྣམས་ལས་རྒྱལ་བའི་དམག་འཐབ་ནས་ཕྱིར་ལོག་པའི་དུས་སུ་མེལ་ཀི་ཟེ་དེག་ཁོང་དང་མཇལ་ནས་བྱིན་རླབས་གནང་ཞིང༌། * ཨབ་ར་ཧམ་གྱིས་ཁོང་ལ་བཅོམ་ནོར་ཐམས་ཅད་ལས་བཅུ་ཆ་གཅིག་ཕུལ། དང་པོ་མེལ་ཀི་ཟེ་དེག་གི་མཚན་གྱི་དོན་ནི་དྲང་བདེན་ཉིད་ཀྱི་རྒྱལ་པོ་དང༌། དེ་ནས་ཤཱ་ལེམ་གྱི་རྒྱལ་པོ་ཞེས་པའི་དོན་ནི་ཞི་བདེའི་རྒྱལ་པོ་ཡིན། ཁོང་ལ་ཕའམ། མའམ། སྐྱེས་རབས་སམ། འཁྲུངས་འདས་ཀྱི་དུས་ཚོད་མེད། ཁོང་ནི་དཀོན་མཆོག་གི་སྲས་དང་འདྲ་བར་དུས་རྒྱུན་དུ་བླ་ཆེན་ཞིག་ལྟར་གནས་སོ། ཁོང་ནི་ཅི་ཙམ་ཆེན་པོ་ཡིན་པར་གཟིགས་དང༌། ཐ་ན་མེས་པོ་ཨབ་ར་ཧམ་གྱིས་ཀྱང་ཁོང་ལ་དམག་འཐབ་ནས་བྱུང་བའི་བཅོམ་ནོར་ལས་བཅུ་ཆ་གཅིག་ཕུལ། ལུང་སྟོན་པ་མོ་ཤེའི་ཆོས་ཁྲིམས་ལྟར་ན་ལེ་ཝིའི་རྒྱུད་པ་ཡིན་ཞིང༌། མཆོད་དཔོན་གྱི་གོ་གནས་ཐོབ་མཁན་རྣམས་ཀྱིས་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་ཡང་ཁོ་ཚོའི་སྤུན་ཡི་སི་ར་ཨེལ་པ་རྣམས་ནས་ཡོང་འབབ་ཀྱི་བཅུ་ཆ་གཅིག་སྡུད་དགོས། འོན་ཀྱང་མེས་པོ་ལེ་ཝིའི་རྒྱུད་པ་མ་ཡིན་པའི་མེལ་ཀི་ཟེ་དེག་གིས་ཨབ་ར་ཧམ་ནས་ནོར་གྱི་བཅུ་ཆ་གཅིག་བསྡུས་ཏེ་དཀོན་མཆོག་གི་ཞལ་ཆད་འཛིན་མཁན་ཨབ་ར་ཧམ་ལ་བྱིན་རླབས་གནང༌། ཆུང་ངུ་ལ་ཆེན་པོས་བྱིན་རླབས་གནང་བ་དེ་རྩོད་རྒྱུ་མེད། ཕྱོགས་གཅིག་ནས་འཆི་རྒྱུ་ཡིན་པའི་མཆོད་དཔོན་རྣམས་ཀྱིས་ཡོང་འབབ་ཀྱི་བཅུ་ཆ་གཅིག་སྡུད་པ་དང༌། ཕྱོགས་གཞན་ནས་གསུང་རབ་ལས་གསུངས་པ་ལྟར་ནམ་ཡང་འཚོ་བའི་མི་དེས་བཅུ་ཆ་གཅིག་སྡུད། ད་དུང་བཅུ་ཆ་གཅིག་སྡུད་མཁན་ལེ་ཝི་ཡིས་ཁོ་ཚོའི་མེས་པོ་ཨབ་ར་ཧམ་བརྒྱུད་ནས་མེལ་ཀི་ཟེ་དེག་ལ་བཅུ་ཆ་གཅིག་ཕུལ་བརྗོད་སྲིད། 10 གང་ཡིན་ཞེ་ན། མེལ་ཀི་ཟེ་དེག་གིས་ཨབ་ར་ཧམ་ཐུག་པའི་ཚེ་ལེ་ཝིའི་ས་བོན་ཁོའི་མེས་པོ་ཨབ་ར་ཧམ་གྱི་གཟུགས་པོའི་ནང་གནས་ཡོད་པའི་ཕྱིར་རོ། 11 ལེ་ཝིའི་མཆོད་དཔོན་གྱི་རྒྱུད་ལ་བརྟེན་ནས་ཆོས་ཁྲིམས་མི་རྣམས་ལ་གནང་བ་ཡིན། དེའི་རྒྱུད་ཀྱིས་དཀོན་མཆོག་གི་དགོངས་པ་སྐྱོན་མེད་པར་བསྒྲུབས་པ་ཡིན་ན། མཆོད་དཔོན་ཨ་རོན་དང་མི་འདྲ་བར་མེལ་ཀི་ཟེ་དེག་དང་འདྲ་བ་མཆོད་དཔོན་གཞན་ཞིག་ཅི་ལ་དགོས། 12 མཆོད་དཔོན་རྣམས་ཀྱི་ལམ་ལུགས་བརྗེ་བའི་སྐབས་སུ་ཆོས་ཁྲིམས་ཀྱང་བརྗེ་དགོས། 13 ང་ཚོས་བཤད་པའི་བླ་ཆེན་དེ་ནི་ཚོ་ཁག་གཞན་ལ་གཏོགས་ཏེ། ཚོ་ཁག་དེ་ནས་མི་སུས་ཀྱང་མཆོད་ཁྲི་ལ་ཞབས་ཏོག་རྩ་བ་ནས་བསྒྲུབས་མ་མྱོང༌། 14 ཚང་མས་ཤེས་གསལ་ལྟར་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མེས་པོ་ཡ་ཧུ་དཱ་ཡི་རྒྱུད་པ་ཡིན། ཚོ་ཁག་དེའི་སྐོར་ལུང་སྟོན་པ་མོ་ཤེ་ཡིས་མཆོད་དཔོན་གྱི་སྐོར་ཅིའང་མ་གསུངས། 15 མེལ་ཀི་ཟེ་དེག་དང་འདྲ་བའི་མཆོད་དཔོན་གཞན་ཞིག་བྱུང་ན་དོན་དེ་ནི་སྔོན་ལས་གསལ་བར་འགྱུར། 16 གང་ལགས་ཤེ་ན། མི་དེ་ཆོས་ཁྲིམས་ཀྱི་བཀའ་ལྟར་བརྒྱུད་པ་ལ་བརྟེན་ནས་མ་ཡིན་པར། དཔག་ཏུ་མེད་པའི་ཚེའི་ནུས་མཐུ་ལ་བརྟེན་ནས་བླ་ཆེན་དུ་གྱུར། 17 ཁོང་གི་སྐོར་ལ།
མེལ་ཀི་ཟེ་དེག་གི་དཔེ་ལྟར། །
ཁྱེད་ནི་གཏན་གྱི་བླ་ཆེན་ཡིན། །
ཞེས་འཁོད། 18 སྔོན་གྱི་སྒྲིག་ལམ་དེ་ནུས་མཐུ་དང་ཕན་ཐོགས་མེད་པས་ཕར་བཞག་པ་དང༌། 19 སྔོན་གྱི་ཆོས་ཁྲིམས་དེས་ཅིའང་ཡོངས་སུ་རྫོགས་པར་མ་བྱས་པས། དཀོན་མཆོག་གིས་རེ་བ་དེ་ལས་བཟང་བ་ཞིག་གནང༌། དེའི་སྒོ་ནས་ངེད་རྣམས་དཀོན་མཆོག་དང་ཉེ་བར་ཡོང༌། 20 དཀོན་མཆོག་གིས་ཡེ་ཤུ་བླ་ཆེན་དུ་གྱུར་བའི་དབུ་མནའ་བཞེས། འོན་ཀྱང་མི་གཞན་རྣམས་མནའ་དང་བྲལ་བར་བླ་ཆེན་དུ་གྱུར། 21 དཀོན་མཆོག་གིས་ཡེ་ཤུ་ཁོ་ནར་འདི་ལྟར་གསུངས་ཏེ།
དཀོན་མཆོག་གིས་ནི་དབུ་མནའ་བཞེས། །
ཁོང་གི་བཀའ་ལ་འགྱུར་བ་མེད། །
ཁྱེད་ནི་གཏན་གྱི་བླ་ཆེན་ཡིན། །
22 དབུ་མནའ་བཞེས་པར་བརྟེན་ནས་ཡེ་ཤུའང་ཞལ་ཆད་སྔོན་ལས་བཟང་བའི་འགན་བཞེས་མཁན་དུ་གྱུར། 23 སྔོན་གྱི་མཆོད་དཔོན་རྣམས་མང་པོ་ཡོད་ཀྱང་འཆི་བས་བར་ཆད་དེ་གོ་སར་གནས་མ་ཐུབ། 24 འོན་ཀྱང་ཡེ་ཤུ་རྟག་ཏུ་གནས་པའི་རྐྱེན་གྱིས་བླ་ཆེན་གྱི་གོ་སར་འགྱུར་བ་མེད། 25 དེའི་ཕྱིར་ཁོང་གིས་ཁོ་ཚོའི་དོན་དུ་ཞུ་ངོ་མཛད་པའི་ཕྱིར་རྒྱུན་དུ་གསོན་པོར་བཞུགས་པས། ཁོང་བརྒྱུད་ནས་དཀོན་མཆོག་དང་ཉེ་བར་ཡོང་མཁན་རྣམས་ཡོངས་སུ་ཐར་བ་མཛད་ཐུབ། 26 དེ་ལྟར་བླ་ཆེན་མཆོག་དམ་པ། སྐྱོན་མེད་པ། དྲི་མ་མེད་པ། སྡིག་ཉེས་ཅན་རྣམས་དང་བྲལ་བ། ཞིང་ཁམས་རྣམས་ལས་མཐོ་བར་མཛད་པར་གྱུར་བའི་བླ་ཆེན་གཙོ་བོ་དེ་ནི་ང་ཚོར་དགོས་པ་དེའོ། 27 བླ་ཆེན་གཙོ་བོ་གཞན་རྣམས་དང་མི་འདྲ་བར་ཁོང་གིས་སྔོན་ལ་རང་དང་དེ་ནས་མི་རྣམས་ཀྱི་སྡིག་ཉེས་ཀྱི་དོན་ལ་དམར་མཆོད་ཉིན་ལྟར་འབུལ་མི་དགོས། འོན་ཀྱང་ཁོང་གིས་མི་རྣམས་ཀྱི་སྡིག་ཉེས་སེལ་བའི་ཕྱིར་རང་སྲོག་བློས་བཏང་གནང་བའི་སྒོ་ནས་གཅིག་པུས་རྟག་ཏུ་གནས་པ་དེ་བསྒྲུབས་སོ། 28 ཆོས་ཁྲིམས་ལྟར་ན་མི་རྣམས་བླ་ཆེན་གཙོ་བོར་སྐོ། ཁོ་ཚོ་མི་ཡིན་པས་ཞན་ཆ་ཅན་ཡིན་ཡང༌། ཆོས་ཁྲིམས་ཀྱི་རྗེས་སུ་བྱུང་བའི་དབུ་མནའ་ཡིས་སྲས་དེ་བསྐོས། ཁོང་ནི་ནམ་ཡང་ཡོངས་སུ་རྫོགས་པའི་བླ་ཆེན་དུ་གྱུར་རོ། །
* ལེའུ་བདུན་པ།:1 7:1 ལུང་སྟོན་པ་མོ་ཤེ་ཡིས་བྲིས་པའི་མདོ་དང་པོ་སྟེ་འགོད་པ་ལེའུ་14 ཨང་17-20 ལ་གཟིགས། ལེའུ་བདུན་པ།:17 7:17 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་110 ཨང་4 ནས་བཀོད་པ་ཡིན། ལེའུ་བདུན་པ།:21 7:21 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་110 ཨང་4 ནས་བཀོད་པ་ཡིན།