ལེའུ་དྲུག་པ།
དེའི་ཕྱིར་མཱ་ཤི་ཀའི་རྩ་བའི་བསྟན་པའི་སྐོར་བཞག་ནས་ངེད་རྣམས་སྨིན་ཞིང་ཡོངས་སུ་རྫོགས་པར་འགྱུར་དགོས། དགེ་བ་གསོག་པའི་ལམ་སྟོང་པ་དོར་བ། དཀོན་མཆོག་ལ་དད་པ་དང༌། ཁྲུས་གསོལ་དང༌། ཕྱག་འཇོག་པའི་བསྟན་པ་དང༌། འཆི་བ་ནས་སླར་གསོན་པར་འགྱུར་བ་དང༌། མཐའ་མའི་ཁྲིམས་གཅོད་བཅས་ཀྱི་རྨང་གཞིའི་བསྟན་པ་ཡང་ཡང་མི་སློབ། དཀོན་མཆོག་གི་དགོངས་པ་ཡིན་ན་ང་ཚོས་དེ་ལྟར་བྱ། ལན་གཅིག་བློ་སྒོ་ཕྱེ་ནས་དཀོན་མཆོག་གི་གནང་སྦྱིན་མྱོང་ཞིང༌། དམ་པའི་ཐུགས་ཉིད་དང་འགྲོགས་པར་གྱུར་བ་དང༌། དཀོན་མཆོག་གི་བཀའ་བཟང་པོ་ཡིན་པར་ཤེས་པ་དང༌། མ་འོངས་པའི་དུས་ཀྱི་ནུས་མཐུ་མཐོང་ཟིན་པ་རྣམས་ནི། དད་པ་དོར་ན། ཡང་བསྐྱར་སེམས་སྒྱུར་ཞིང་གསོ་བར་མི་སྲིད། གང་ཡིན་ཞེ་ན། དེ་ནི་ཁོ་ཚོ་རང་གིས་དཀོན་མཆོག་གི་སྲས་རྒྱང་ཤིང་སྒང་ལ་ཡང་བསྐྱར་བསད་ནས་ཁོང་ལ་མངོན་སུམ་དུ་མཐོང་ཆུང་བྱེད་པ་དང་མཚུངས་སོ། དཔེར་ན་ཡང་ཡང་བབས་པའི་ཆར་ཆུ་འཐུང་བའི་ས་ཞིང་གིས་འདེབས་ལས་བྱེད་མཁན་ཞིང་པ་རྣམས་ལ་ཕན་པའི་འབྲས་བུ་བསྐྱེད་ན་དཀོན་མཆོག་གི་བྱིན་རླབས་འཐོབ། འོན་ཀྱང་ཚེར་མ་དང་རྩྭ་ངན་བསྐྱེད་ན། ཕན་མེད་དང་དམོད་པ་ཕོག་ལ་ཉེ་ཞིང༌། མཐའ་མར་མེ་ཡིས་སྲེག་པར་འགྱུར། གཅེས་པའི་སྤུན་ཟླ་རྣམས། ང་ཚོས་དེ་ལྟར་སྨྲས་ནའང་ཁྱེད་ཚོར་ཐར་པ་དང་འབྲེལ་བའི་བྱིན་རླབས་ཐོབ་པར་ང་ཚོས་ཡིད་རྟོན་བྱེད། 10 དཀོན་མཆོག་དྲང་བདེན་ཉིད་དང་ལྡན་པ་ཡིན་པས། ཁྱེད་ཀྱིས་བྱས་པའི་ལས་བཟང་པོ་དང༌། ཁོང་ལ་བརྩེ་སེམས་ཀྱི་སྒོ་ནས་སྔར་ཁོང་གི་མི་རྣམས་ལ་ཞབས་ཏོག་བྱས་པ་དང༌། ད་ལྟ་ཡང་བྱེད་པ་བརྗེད་པར་མི་མཛད། 11 ཡང་ང་ཚོས་ཁྱེད་ཚོ་རེ་རེ་བཞིན་བརྩོན་སེམས་དེ་ལྟར་ཚེའི་མཐའ་མའི་བར་དུ་སྟོན་པར་འགྱུར་བའི་རེ་བ་བྱེད། དེ་ནས་ཁྱེད་ཚོས་གང་རེ་སྒུག་བྱེད་པ་བདེན་པར་འབྱུང་ངེས་ཡིན། 12 དེ་ནི་ཁྱེད་ཚོ་ལེ་ལོ་ཅན་དུ་མི་འགྱུར་བར། དད་པ་དང་བཟོད་པའི་སྒོ་ནས་དཀོན་མཆོག་གིས་ཞལ་ཆད་གནང་བའི་བྱིན་རླབས་ཀྱི་བགོ་སྐལ་འཐོབ་པ་རྣམས་ཀྱི་དཔེ་ལྟ་བྱེད་མཁན་དུ་འགྱུར་བའི་ཆེད་དུ་ཡིན།
དཀོན་མཆོག་གི་ངེས་པར་དུ་སྒྲུབ་པའི་ཞལ་ཆད།
13 དཀོན་མཆོག་གིས་མེས་པོ་ཨབ་ར་ཧམ་ལ་ཞལ་ཆད་གནང་བའི་ཚེ། རང་ཉིད་ལས་ཆེ་བ་ཞིག་མེད་པས་ཁོང་ཉིད་ཀྱིས་དཔང་དུ་བཙུགས་ཏེ་འདི་ལྟར་གསུངས། 14 ངས་ཁྱོད་ལ་ངེས་པར་དུ་བྱིན་གྱིས་བརླབས་ཤིང༌། ཁྱོད་ཀྱི་བུ་རྒྱུད་མང་དུ་སྤེལ་བར་བྱའོ་ཞེས་གསུངས། * 15 དེའི་ཕྱིར་ཨབ་ར་ཧམ་གྱིས་ངང་རྒྱུད་རིང་པོས་བསྒུགས་ནས་གང་ཞལ་གྱིས་བཞེས་པ་དེ་ཐོབ། 16 མི་རྣམས་ཀྱིས་རང་ལས་ཆེ་བ་ཞིག་དཔང་དུ་བཙུགས་ཏེ་མནའ་སྐྱེལ། བརྟན་པོར་བྱེད་པའི་མནའ་ཡིས་རྩོད་རྙོག་ཀུན་ཞི་བར་བྱེད། 17 དེ་བཞིན་དུ་རང་ཉིད་ཀྱི་དགོངས་པ་འགྱུར་བ་མེད་པ་ཡིན་པར་ཞལ་ཆད་འཛིན་མཁན་རྣམས་ལ་སྟོན་པར་མཛད་པ་དགོངས་པས། དཀོན་མཆོག་གིས་དབུ་མནའ་བཞེས། 18 དཀོན་མཆོག་གིས་ཞལ་ཆད་དང་མནའ་གཉིས་གནང༌། དེ་ཚོ་གཉིས་འགྱུར་བ་མེད་པ་ཡིན། གང་ལགས་ཟེར་ན། དཀོན་མཆོག་གིས་རྫུན་གསུང་མི་སྲིད། དེ་ནི་དཀོན་མཆོག་གི་མདུན་དུ་སྐྱབས་འཐོབ་པའི་ཕྱིར་འབྲོས་མཁན་ང་ཚོར་སྐུལ་མ་ཐོབ་ཅིང༌། བློ་སྟོབས་ཆེན་པོས་ཁོང་གིས་གནང་བའི་རེ་བ་འཛིན་པའི་ཕྱིར་རོ། 19 རེ་བ་དེ་ནི་སེམས་ཀྱི་གཏིང་རྡོ་ལྟར་ངེས་ཤིང་བརྟན་པོ་ཡིན། དེས་ངེད་རྣམས་མཆོད་ཁང་ཆེན་མོའི་ནང་གི་ཡོལ་བ་བརྒྱུད་ནས་དཀོན་མཆོག་གི་གནས་མཆོག་ཏུ་འཁྲིད། 20 ཡེ་ཤུ་ནི་སྔོན་འགྲོ་བ་ལྟར་ང་ཚོའི་དོན་ལ་གནས་མཆོག་དེའི་ནང་དུ་ཕེབས་ཟིན། གནའ་བོའི་མེལ་ཀི་ཟེ་དེག་དཔེ་ལྟར་ཁོང་ནི་ངེད་རྣམས་ཀྱི་གཏན་གྱི་བླ་ཆེན་གཙོ་བོར་གྱུར་བ་ཡིན་ནོ། །
* ལེའུ་དྲུག་པ།:14 6:14 ལུང་སྟོན་པ་མོ་ཤེ་ཡིས་བྲིས་པའི་མདོ་དང་པོ་སྟེ་འགོད་པ་ལེའུ་22 ཨང་17 ནས་བཀོད་པ་ཡིན།