ལེའུ་གསུམ་པ།
བག་མའི་རྨི་ལམ།
1 མཚན་མོར་རང་གི་མལ་ཁྲིའི་སྟེང་། ། ང་ཡི་སེམས་ཀྱི་བྱམས་པ་དེ། ། ཡང་ཡང་བཙལ་མོད་ངས་མ་རྙེད། །
2 དེ་ནས་ང་རང་ཡར་ལངས་ནས། ། གྲོང་ཁྱེར་ནང་དུ་བསྐྱོད་ནས་ནི། ། སྲང་ལམ་ཐང་ཆེན་དག་བརྒྱུད་ཅིང་། ། ང་ཡི་སེམས་ཀྱི་བྱམས་པ་དེ། ། ཡང་ཡང་བཙལ་མོད་ངས་མ་རྙེད། །
3 སྐོར་ཞིབ་བྱས་ནས་སྐྱོད་པ་ཡི། ། གྲོང་ཁྱེར་སྲུང་མཁན་བདག་དང་ཕྲད། ། ང་ཡི་སྙིང་གི་བྱམས་པ་དེ། ། ཁྱེད་ཚོས་མཐོང་ངམ་ཞེས་དྲིས་སོ། །
4 བདག་ནི་དེ་དག་ལས་བྲལ་རྗེས། ། སྙིང་གི་བྱམས་པ་དང་ཕྲད་བྱུང་། ། ང་ཡིས་ཁོང་ལ་འཇུས་ནས་ནི། ། ཁོང་ཉིད་འགྲོ་རུ་མ་བཅུག་པར། ། རང་གི་མ་ཡི་ཁྱིམ་གཞིས་ཏེ། ། ང་རང་མངལ་དུ་ཁུར་མཁན་གྱི། ། གཟིམ་ཆུང་ནང་དུ་ཁྲིད་པ་ཡིན། །
5 ཀྱེ་ཀྱེ་ཡེ་རུ་སཱ་ལེམ་བུ་མོ་རྣམས། ། ང་ཡི་དགའ་གྲོགས་དགྱེས་ཏེ་མ་བཞེངས་བར། ། ཁྱེད་ཚོས་ཁོང་ཉིད་མནལ་ལས་མི་སློང་ཕྱིར། ། བདག་གིས་དགོ་དང་ཐང་གི་ཡུ་མོ་གཉིས། ། དཔང་དུ་བཙུགས་ནས་ཁྱེད་ཚོར་མནའ་འགེལ་ལོ། །
ཤོ་ལོ་ཀ་གསུམ་པ།
སོ་ལོ་མོན་རང་གི་གཉེན་སྟོན་ལ་སླེབས་པ།
6 གུ་གུལ་དང་ནི་སྤོས་དཀར་དང་། ། ཚོང་པའི་སྤོས་ཀྱི་དྲི་བསུང་གིས། ། ཀུན་ནས་བྱུགས་ཤིང་དབེན་སྟོང་ནས། ། དུ་བའི་ཀ་ལྟར་འབྱོན་པ་སུ། །
7 དེ་ནི་སོ་ལོ་མོན་གྱི་ཁྱོགས་ཁྲི་ཡིན། ། ཡེས་ར་ཨེལ་གྱི་དཔའ་བོ་དྲུག་ཅུ་ཡིས། ། དེ་ཡི་ཕྱོགས་བཞིར་ཡོངས་སུ་བསྐོར་ནས་ཡོད། །
8 ཀུན་གྱིས་རལ་གྲི་ལག་ཏུ་བཅངས། ། དེ་ཚོར་དམག་གི་རྩལ་དང་ལྡན། ། མཚན་མོའི་འཇིགས་པ་འགོག་པའི་ཆེད། ། རལ་གྲི་དཔྱི་ལ་བཏགས་ནས་འདུག །
9 རྒྱལ་པོ་སོ་ལོ་མོན་ཉིད་ཀྱིས། ། ལེ་པཱ་ནོན་གྱི་ཤིང་གིས་ནི། ། རང་ལ་ཁྱོགས་ཁྲི་ཞིག་བཟོས་ཏེ། །
10 ཁྱོགས་ཁྲིའི་ཀ་བ་དངུལ་ལས་བཟོས། ། ཁྱོགས་ཁྲིའི་མཐིལ་ནི་གསེར་གྱིས་གྲུབ། ། གདན་གྱི་ཁ་དོག་རྒྱ་སྨུག་ཡིན། ། དེའི་ནང་ཡེ་རུ་སཱ་ལེམ་གྱི། ། བུ་མོ་རྣམས་ཀྱི་བརྩེ་བས་ཁེངས། །
11 ཀྱེ་ཀྱེ་ཛ་ཡན་བུ་མོ་ཕྱིར་བུད་དང་། ། རྒྱལ་པོ་སོ་ལོ་མོན་གྱི་བག་སྟོན་ཉིན། ། ཁོང་གི་དབུ་ལ་ཅོད་པན་གྱིས་བརྒྱན་ཏེ། ། ཁོང་གི་ཡིད་སེམས་དགའ་བ་འབུམ་གྱིས་མཉེས། ། ཡུམ་གྱིས་བསྐོན་པའི་ཅོད་པན་ལ་ལྟོས་ཤིག །