ལེའུ་ཉི་ཤུ་པ།
དཱ་བིད་དང་ཡོ་ནཱ་ཐན་གཉིས་ཀྱི་སྐོར།
1 དེ་ནས་ཡང་དཱ་བིད་ནི་རཱ་མ་ཡུལ་གྱི་ནཱ་ཡོད་ནས་བྲོས་ཤིང་ཡོ་ནཱ་ཐན་གྱི་དྲུང་དུ་འོངས་ཏེ། ངས་ཅི་བྱས་པ་ཡིན་ནམ། ངའི་སྐྱོན་ཅི་ཡིན་ནམ། ངས་ཁྱེད་ཀྱི་ཕ་ཡི་དྲུང་དུ་སྡིག་ཉེས་ཅི་བྱས་པ་ཡིན། དེས་ངའི་སྲོག་ལ་སྙེག་གོ་ཞེས་སྨྲས་པས།
2 དེས་ནི་དེ་ལྟར་མིན་ཏེ། ཁྱེད་འཆི་བར་མི་འགྱུར། ལྟོས་ཤིག བྱ་བ་ཆེ་ཆུང་གང་ཡིན་ཡང་ང་ལ་མ་བཤད་སྔོན་དུ་ངས་ཕ་ཡིས་མི་བྱའོ། །ཁྱེད་གསོད་འདོད་པའི་བྱ་བ་དེ་ངའི་ཕ་ཡིས་ང་ལ་ཅིའི་ཕྱིར་སྦ་བར་བྱའམ། དེ་ལྟར་མི་འོང་ངོ་ཞེས་སྨྲས།
3 དེ་ནས་དཱ་བིད་ཀྱིས་ཡང་མནའ་བསྐྱལ་ནས་དེ་ལ། ང་ལ་ཁྱེད་ཀྱི་སྙིང་རྗེ་ཐོབ་ཡོད་པ་ཁྱེད་ཀྱི་ཕ་ཡིས་ལེགས་པར་ཤེས་པས། ཡོ་ནཱ་ཐན་གྱི་སེམས་མི་འཁྲུག་པའི་ཕྱིར་དུ་འདི་ནི་ཤེས་སུ་མ་བཅུག་ན་ལེགས་སྙམ་པ་རེད། ངས་གཏན་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་འཛུགས་ཤིང་ཁྱེད་རང་ཡང་དཔང་དུ་བཙུགས་པ་ཡིན་ཏེ། ང་དང་འཆི་བ་གཉིས་ཀྱི་བར་དུ་གོམ་གང་མ་གཏོགས་མེད་ཅེས་པའི་ལན་དུ།
4 ཡོ་ནཱ་ཐན་གྱིས་དཱ་བིད་ལ། ཁྱེད་ཀྱི་སེམས་ནི་གང་ལ་དགའ་ན་ཡང་དེ་ནི་ངས་ཁྱེད་ཀྱི་དོན་དུ་བྱའོ་ཞེས་སྨྲས་པར།
5 དཱ་བིད་ཀྱིས་ཡོ་ནཱ་ཐན་ལ། ཀྱེ་ཧོ། སང་ཉིན་ཚེས་གཅིག་ཡིན་པས། ངས་རྒྱལ་པོ་དང་མཉམ་དུ་ཁ་ཟས་ལ་རོལ་དགོས། ང་ས་སྟོང་དུ་འགྲོ་རུ་ཆུག མཚན་མོ་གསུམ་པའི་བར་དུ་ཡིབ་ནས་འདུག་པར་བྱ།
6 ཁྱེད་ཀྱི་ཕ་ཡིས་ང་བཙལ་ན། ཁྱེད་ཀྱིས་དཱ་བིད་རང་གི་གྲོང་རྡལ་པེད་ལེ་ཧེམ་དུ་འགྲོ་བའི་ཕྱིར་ང་ནས་དགོངས་པ་ཞུས་སོང་། ཁོའི་རྒྱུད་ཀྱིས་དེ་རུ་ལོ་རེའི་མཆོད་པ་འབུལ་བར་བྱེད་ཅེས་སྨྲོས་ཤིག
7 གལ་ཏེ་ཁོང་གིས་ལེགས་སོ་སྨྲས་ན། ཁྱེད་ཀྱི་ཞབས་ཕྱི་བདག་ལ་ཞི་བདེ་འབྱུང་བར་འགྱུར། གལ་ཏེ་ཁོང་ཐུགས་ཁྲོས་ན། བདག་ལ་ལས་ངན་པ་བྱེད་པར་སེམས་ཐག་བཅད་པ་ཁྱེད་ཀྱིས་ཤེས་པར་འགྱུར།
8 ཁྱེད་ཀྱིས་རང་གི་ཞབས་ཕྱི་བདག་ལ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁ་ཆད་བཞག་པ་བཞིན་ད་ལྟ་ཡང་བྱམས་སྐྱོང་མཛོད་ཅིག བདག་གི་ནང་དུ་སྡིག་ཉེས་ཡོད་ན་ཁྱེད་ཀྱིས་བདག་སོད་ཅིག བདག་ནི་ཅིའི་ཕྱིར་ཁྱེད་ཀྱི་ཕ་ཡི་དྲུང་དུ་འཁྲིད་པར་བྱའམ་ཞེས་ཞུས་པ་ན།
9 ཡོ་ནཱ་ཐན་གྱིས། དེ་འདྲ་དཔེ་མི་སྲིད། ངའི་ཕ་ཡིས་ཁྱེད་ལ་ངན་བྱེད་ཐག་ཆོད་ཡིན་པ་རྟོགས་ན་ངས་ཁྱེད་ལ་ཅིའི་ཕྱིར་མི་བཤད་སྨྲས་པར།
10 དཱ་བིད་ཀྱིས་ཡོ་ནཱ་ཐན་ལ། གལ་ཏེ་ཁྱེད་ཀྱི་ཕ་ཡིས་ཁྱེད་ལ་ལན་དྲག་པོ་ཞིག་གཏོང་ན་སུས་ང་ལ་སྨྲའམ་ཞེས་ཞུས་པས།
11 ཡོ་ནཱ་ཐན་གྱིས་དཱ་བིད་ལ་ཤོག་དང་ངེད་གཉིས་ས་སྟོང་དེ་རུ་འགྲོ་བར་བྱ་ཞེས་སྨྲས་ནས་ཁོ་གཉིས་དེ་རུ་སོང་།
12 ཡོ་ནཱ་ཐན་གྱིས་དཱ་བིད་ལ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་དཔང་པོ་མཛད་པར་ཤོག སང་ཉིན་ནམ་ཡང་ན་གནངས་ཉིན་ཆུ་ཚོད་འདི་ལ་ངས་རང་གི་ཕ་ཡི་བསམ་ཚུལ་ལ་བརྟག་པར་བྱ་སྟེ། ལྟོས་དང་། གལ་ཏེ་དཱ་བིད་ཁྱེད་ཀྱི་དོན་དུ་བཟང་པོ་ཞིག་འབྱུང་ན། ངས་བང་ཆེན་མངགས་ཏེ་ཁྱེད་ལ་ཅིའི་ཕྱིར་མི་བརྗོད།
13 གལ་ཏེ་ངའི་ཕ་ཡིས་ཁྱེད་ལ་ངན་བྱེད་འདོད་པ་ཡིན་ན། དེ་ངས་ཁྱེད་ལ་ཅིས་ཀྱང་བརྗོད་ཡོང་། ངས་ཁྱེད་རང་བདེ་བར་ཕར་འགྲོ་རུ་བཅུག་ཆོག གལ་ཏེ་དེ་ལྟར་མ་བྱས་ན། དཀོན་མཆོག་ཡ་ཝཱེས་ཡོ་ནཱ་ཐན་བདག་ལ་འདིའམ་འདི་ལས་ལྷག་པ་ཞིག་མཛད་པར་ཤོག དེར་མ་ཟད། སྔར་དཀོན་མཆོག་ཡ་ཝཱེ་ནི་ངའི་ཕ་དང་མཉམ་དུ་བཞུགས་པ་ལྟར་ཁྱེད་དང་མཉམ་དུ་བཞུགས་པར་སྨོན།
14 ང་ནི་འཆི་བར་མི་འགྱུར་བའི་ཕྱིར། ང་གསོན་པའི་སྐབས་སུ་ཁྱེད་ཀྱིས་ང་ལ་དཀོན་མཆོག་ཡ་ཝཱེའི་ཐུགས་རྗེ་སྟོན་རོགས།
15 དཀོན་མཆོག་ཡ་ཝཱེས་དཱ་བིད་ཀྱི་དགྲ་བོ་རེ་རེ་ས་གཞི་ནས་མེད་པར་མཛད་པའི་དུས་སུ་ཁྱེད་ཀྱི་སྙིང་རྗེ་ངའི་ཁྱིམ་རྒྱུད་དང་གཏན་ནས་མི་འབྲལ་བར་མཛོད་ཅེས་སྨྲས་ནས།
16 ཡོ་ནཱ་ཐན་གྱིས་དཱ་བིད་ཀྱི་ཁྱིམ་རྒྱུད་བར་ཁ་ཆད་བཞག་ཅིང་། དཀོན་མཆོག་ཡ་ཝཱེས་དཱ་བིད་ཀྱི་དགྲ་བོ་བརྒྱུད་ནས་ཁ་ཆད་དང་འགལ་བའི་ཉེས་པར་ལན་འཇལ་བར་ཤོག་ཅེས་སྨྲས་པ་དང་།
17 ཡོ་ནཱ་ཐན་གྱིས་རང་གི་སྲོག་ལ་གཅེས་པ་བཞིན་དཱ་བིད་ལ་གཅེས་པས། དཱ་བིད་ཀྱིས་ཁོ་ལ་ཡང་བསྐྱར་མནའ་བསྐྱལ་དུ་བཅུག་གོ །
18 དེ་ནས་ཡོ་ནཱ་ཐན་གྱིས་ཁོ་ལ། སང་ཉིན་ཚེས་གཅིག་ཡིན་ཏེ། ཁྱེད་ཀྱི་འདུག་གནས་སྟོང་བ་ཡིན་ན་ཁྱེད་མེད་པ་རྟོགས་པར་འགྱུར།
19 དེ་ནས་ཉིན་གསུམ་པར་ཁྱེད་མྱུར་དུ་སྔར་དོན་རྐྱེན་འབྱུང་བའི་ཉིན་མོར་གང་དུ་ཡིབ་ས་དེར་སོང་སྟེ། ཨེ་ཟེལ་བྱ་བའི་རྡོ་ཕ་བོང་གི་རྩར་སྒུགས་དང་།
20 ངས་འབེན་ལ་འཕེན་པ་ལྟར་ཕ་བོང་དེའི་ཕྱོགས་སུ་མདའ་གསུམ་འཕེན་པར་བྱ།
21 དེ་ནས་ངས་གཞོན་ནུ་ཞིག་མངགས་ནས་དེ་ལ། མདའ་འཚོལ་རོགས་ཟེར་བར་བྱ། གལ་ཏེ་ངས་གཞོན་ནུ་ལ། ལྟོས་དང་། མདའ་ཁྱོད་ཀྱི་རྒྱབ་ཏུ་འདུག ཁྱོད་ཀྱིས་དེ་བླངས་ནས་འཁྱེར་ཤོག་ཅེས་བསྐུལ་ན་ཞི་བདེ་ཡོད་པས་ཁྱེད་འོང་ཆོག གཏན་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་ངས་ཁྱེད་ལ་གནོད་པ་ཅི་ཡང་མེད་ཅེས་སྨྲ་བ་ཡིན།
22 གལ་ཏེ་ངས་གཞོན་ནུ་ལ། ལྟོས་དང་། མདའ་ཁྱོད་ཀྱི་མདུན་དུ་འདུག་ཅེས་བསྐུལ་ན། དཀོན་མཆོག་ཡ་ཝཱེས་ཁྱེད་ཡུལ་གཞན་དུ་མངགས་པས་ཁྱེད་སོང་ཞིག
23 ཡང་ང་དང་ཁྱེད་གཉིས་ཀྱིས་གང་སྨྲས་པའི་དཔང་པོར་དཀོན་མཆོག་ཡ་ཝཱེ་ཇི་སྲིད་བར་དུ་བཞུགས་པ་ཡིན་ཞེས་སྨྲས་སོ། །
24 དེ་ནས་དཱ་བིད་ས་སྟོང་དེ་རུ་ཡིབ་ནས་བསྡད་པ་དང་། ཡང་ཚེས་གཅིག་གི་ཉིན་མོ་སླེབས་པའི་ཚེ་རྒྱལ་པོ་གསོལ་སྟོན་དུ་ཕེབས།
25 ཡང་རྒྱལ་པོ་གོམས་སྲོལ་བཞིན་གྱང་རྩར་རང་གི་ཁྲི་སྟེང་ལ་བསྡད་དེ། ཡོ་ནཱ་ཐན་རྒྱལ་པོ་དང་ཁ་གཏད་དུ་ཨབ་ནེར་རྒྱལ་པོའི་གམ་དུ་བསྡད། ཏག་ཏག་དཱ་བིད་ཀྱི་འདུག་གནས་སྟོང་བར་ལུས་པ་རེད།
26 སོ་ལོས་ཁོ་ལ་ཕལ་ཆེར་དོན་ཞིག་བྱུང་བས་མི་གཙང་བར་གྱུར་ཡོད་ངེས་བསམས་པས་ཉིན་དེར་ཅི་ཡང་མ་སྨྲས་སོ། །
27 ཚེས་གཉིས་པར། དཱ་བིད་ཀྱི་འདུག་གནས་ཡང་སྟོང་བ་ཡིན་པས། སོ་ལོས་ཉིད་ཀྱི་སྲས་ཡོ་ནཱ་ཐན་ལ། ཡེ་སེའི་བུ་ནི་ཁ་ཟས་སྤྱོད་དུ་མདང་ཡང་མ་འོངས། དེ་རིང་ཡང་མི་འོང་བ་ཅི་ཡིན་ཞེས་དྲིས་པའི་ལན་དུ།
28 ཡོ་ནཱ་ཐན་གྱིས་སོ་ལོ་ལ། དཱ་བིད་ཀྱིས་པེད་ལེ་ཧེམ་དུ་འགྲོ་བའི་ཕྱིར་ང་ནས་དགོངས་པ་ཞུས་ཤིང་།
29 ཁོས་ང་ལ། ང་འགྲོ་བར་གནོངས་ཤིག ངའི་ནང་མིས་གྲོང་རྡལ་དེ་རུ་མཆོད་པ་འབུལ་བཞིན་ཡོད་པས་ངའི་ཕུ་བོས་དེ་རུ་ཤོག་ཅེས་སྨྲས་བྱུང་། ང་ལ་ཁྱེད་ཀྱི་སྤྱན་དྲུང་དུ་ཐུགས་རྗེ་ཐོབ་པ་ཡིན་ན། ང་དེ་རུ་སོང་སྟེ་རང་གི་སྤུན་རྣམས་ལ་བལྟ་བར་གནོངས་ཤིག་ཅེས་ཞུས་པས། ཁོ་རྒྱལ་པོའི་གསོལ་ལྕོག་གི་གམ་དུ་མ་འོངས་ཞེས་སྨྲས་པ་ན།
30 སོ་ལོ་ནི་ཡོ་ནཱ་ཐན་གྱི་སྟེང་དུ་ཁོང་ཁྲོ་ཆེན་པོ་ལངས་ནས། ཁོས་དེ་ལ་ཀྱེ་ངན་རེངས་ངོ་ལོག་གི་བུད་མེད་ཀྱི་བུ་ཁྱོད། ངོ་ཚ་མེད་པ་ཁྱོད་ཀྱི་མ་དང་འདྲ་པོ་རེད། དེའི་རྐྱེན་གྱིས་ཁྱོད་ཀྱིས་ཡེ་སེ་ཡི་བུ་དེ་བདམས་པ་ངས་མི་ཤེས་སམ།
31 ཡེ་སེའི་བུ་དེ་ནི་ས་གཞི་རུ་ཉིན་གཅིག་ལ་གསོན་ནའང་། ཁྱོད་དང་ཁྱོད་ཀྱི་རྒྱལ་ཁབ་བརྟན་པོར་ལུས་པར་མི་འགྱུར། དེའི་ཕྱིར་བང་ཆེན་ཐོངས་ལ་ཁོ་ངའི་མདུན་དུ་འཁྲིད་ཤོག ཁོ་ནི་ཅི་ནས་ཀྱང་འཆི་འོས་ཞེས་སྨྲས་པའི་ལན་དུ།
32 ཡོ་ནཱ་ཐན་གྱིས་ཉིད་ཀྱི་ཕ་སོ་ལོ་ལ། ཁོ་ཅིའི་ཕྱིར་གསོད་པར་བྱའམ། ཁོས་ཅི་བྱས་སམ་ཞེས་ཞུས་པ་ལ།
33 སོ་ལོས་ཁོ་ལ་བསྣུན་པའི་ཆེད་དུ་མདུང་འཕངས་པས། ཡོ་ནཱ་ཐན་གྱིས་རང་གི་ཕ་ཡིས་དཱ་བིད་གསོད་ངེས་པ་ཤེས།
34 ཡོ་ནཱ་ཐན་ཤིན་ཏུ་ཁྲོས་ཤིང་གསོལ་ལྕོག་ནས་ལངས་ཏེ་ཚེས་གཉིས་པའི་ཉིན་དེར་ཟས་གང་ཡང་མ་སྤྱད་ཅིང་། ཕ་ཡིས་དཱ་བིད་ལ་སྐུར་བ་བཏབ་པའི་ཕྱིར་ཡོ་ནཱ་ཐན་སེམས་སྡུག་གོ །
35 ཡང་ཕྱི་ཉིན་སྔ་མོ་དཱ་བིད་དང་ཁ་ཆད་བཞག་པའི་དུས་ལ་སླེབས་ཙ་ན། ཡོ་ནཱ་ཐན་དང་གཡོག་པོ་གཞོན་ནུ་ཞིག་མཉམ་དུ་ས་སྟོང་དེར་སོང་སྟེ།
36 ཡོ་ནཱ་ཐན་གྱིས་གཞོན་ནུ་དེ་ལ་ཁོས་འཕངས་པའི་མདའ་རྣམས་ཚོལ་ཞིག་ཅེས་བཀའ་གནང་བས། གཞོན་ནུ་བརྒྱུགས་པ་ལ་ཡོ་ནཱ་ཐན་གྱིས་མདའ་ཞིག་ཁོའི་མདུན་དུ་བཏང་།
37 གཞོན་ནུ་དེ་ཡོ་ནཱ་ཐན་གྱིས་འཕངས་པའི་མདའ་ཡི་གནས་སུ་སླེབས་པའི་ཚེ། ཡོ་ནཱ་ཐན་གྱིས་གཞོན་ནུ་དེའི་རྒྱབ་ནས་ན་རེ། མདའ་ནི་ཁྱོད་ཀྱི་མདུན་དུ་མི་འདུག་གམ་ཞེས་བོས།
38 དེ་ནས་ཡང་ཡོ་ནཱ་ཐན་གྱིས་གཞོན་ནུའི་རྒྱབ་ནས་སྐད་བརྒྱབ་སྟེ། ལངས་ནས་མི་འདུག་པར་མྱུར་དུ་སོང་ཞིག་ཅེས་བསྐུལ་བས། གཞོན་ནུ་དེས་མདའ་དེ་བསྡུས་ནས་ཕྱིར་བདག་པོ་ཡོ་ནཱ་ཐན་གྱི་དྲུང་དུ་འོངས་པ་རེད།
39 གཞོན་ནུ་དེས་དོན་ཅི་ཡིན་གང་ཡིན་མ་ཤེས་ཀྱང་ཡོ་ནཱ་ཐན་དང་དཱ་བིད་ཁོ་ནས་ཤེས་སོ། །
40 ཡང་ཡོ་ནཱ་ཐན་གྱིས་རང་གི་ལག་ཆ་གཞོན་ནུ་ལ་བཏང་སྟེ། འདི་ཁྱེར་ལ་གྲོང་ཁྱེར་དུ་སོང་ཞིག་ཅེས་བསྒོས།
41 གཞོན་ནུ་དེ་སོང་མ་ཐག དཱ་བིད་ལྷོ་ཕྱོགས་ཀྱི་གནས་ནས་ཐོན་ཏེ་གདོང་སར་བཏུད་ནས་ལན་གསུམ་ལ་ཕྱག་ཕུལ་ཏོ། །དེ་ནས་མཛའ་གྲོགས་ཕན་ཚུན་ལ་འོ་བྱས་ཤིང་ཕན་ཚུན་གྱི་དོན་དུ་ངུས་པ་དང་དཱ་བིད་ནི་ལྷག་པར་ངུས་སོ། །
42 དེ་ནས་ཡོ་ནཱ་ཐན་གྱིས་དཱ་བིད་ལ། ངེད་གཉིས་ཀྱིས་སྔོན་ཆད་དཀོན་མཆོག་ཡ་ཝཱེའི་མཚན་བརྗོད་ཅིང་། ང་དང་ཁྱེད་གཉིས་བར་དང་། ད་དུང་ངའི་བུ་རྒྱུད་དང་ཁྱེད་ཀྱི་བུ་རྒྱུད་གཉིས་ཀྱི་བར་དུའང་དཀོན་མཆོག་ཡ་ཝཱེ་དུས་རྒྱུན་དུ་དཔང་པོར་བཞུགས་པར་ཤོག་ཅེས་མནའ་བསྐྱལ་ཡོད་པས། ད་ཁྱེད་བདེ་བར་སོང་ཞིག་ཅེས་སྨྲས་ནས། ཁོ་ལངས་ཏེ་སོང་བ་དང་ཡོ་ནཱ་ཐན་ཡང་གྲོང་ཁྱེར་དུ་ཕྱིན་ཏོ། །