ལེའུ་གཉིས་པ།
སོ་ལོ་མོན་གྱིས་མཆོད་ཁང་བཞེང་བར་གྲ་སྒྲིག་བྱས་པ།
1 དེ་ནས་སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེའི་མཚན་གྱི་ཕྱིར་དུ་མཆོད་ཁང་ཞིག་དང་། རང་གི་ཕྱིར་དུ་ཕོ་བྲང་ཞིག་བཞེང་བར་བཀས་བཅད་པ་དང་།
2 སོ་ལོ་མོན་གྱིས་ཁུར་པོ་འཁུར་མཁན་ཁྲི་བདུན་དང་། རི་ཁུལ་དུ་རྡོ་བཟོ་མཁན་ཁྲི་བརྒྱད་དང་། ལས་དཔོན་མི་སུམ་སྟོང་དྲུག་བརྒྱ་བཅས་བདམས་མངག་བྱས།
3 ཡང་སོ་ལོ་མོན་གྱིས་མི་མངགས་ཏེ་ཐཱར་གྱི་རྒྱལ་པོ་ཧི་རཱམ་ལ་ན་རེ། ཁྱེད་ཀྱིས་ཇི་ལྟར་ངའི་ཕ་དཱ་བིད་ལ་ཕོ་བྲང་ཞིག་བཞེང་བར་ཐང་ཤིང་བསྐུར་བ་བཞིན་དུ། ང་ལའང་དེ་བཞིན་བསྐུར་བར་མཛོད་ཅིག
4 གཟིགས་དང་། ངས་རང་གི་དཀོན་མཆོག་ཡ་ཝཱེའི་མཚན་གྱི་ཕྱིར་མཆོད་ཁང་ཞིག་བཞེངས་ནས། དམ་པར་བྱས་ནས་ཁོང་ལ་ཕུལ་ཏེ། ཁོང་གི་དྲུང་དུ་དྲི་བསུང་གི་སྤོས་བདུག་པ་དང་། རྟག་ཏུ་སྤྱན་བསྟར་བག་ལེབ་བཤམ་པ་དང་། ཉིན་རེའི་ནངས་དགོང་དང་ངལ་གསོ་བའི་ཉིན། ཚེས་གཅིག ད་དུང་བདག་ཅག་གི་དཀོན་མཆོག་ཡ་ཝཱེས་གཏན་ལ་ཕབ་པའི་དུས་ཆེན་རྣམས་སུ་སྦྱིན་སྲེག་གི་མཆོད་པ་འབུལ་རྒྱུ་ཡིན། འདི་ནི་ཡེས་ར་ཨེལ་པའི་དུས་གཏན་གྱི་རྒྱུན་སྲོལ་ཡིན།
5 བདག་ཅག་གི་དཀོན་མཆོག་ནི་ལྷ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཡིན་པས། ངས་བཞེང་བར་འགྱུར་བའི་མཆོད་ཁང་འདི་ཡང་ཤིན་ཏུ་རྒྱ་ཆེའོ། །
6 འོན་ཀྱང་ནམ་མཁའ་དང་ནམ་མཁའི་ཡང་སྟེང་གི་ནམ་མཁའ་ལའང་ཁོང་ཉིད་ཤོང་མི་ནུས་པས། སུ་ཞིག་གིས་ཁོང་གི་ཕྱིར་མཆོད་ཁང་བཞེང་ནུས་སམ། བདག་ནི་སུ་ཡིན་ནམ། ཁོང་གི་དྲུང་དུ་སྤོས་བདུག་པ་ལས་ངས་ཁོང་ལ་མཆོད་ཁང་ནི་བཞེང་ག་ལ་ནུས།
7 དེ་བས་ད་ལྟ་ཁྱེད་ཀྱིས་ངའི་དྲུང་དུ་གསེར་དངུལ་ལི་ལྕགས་བཅས་དང་། ཁ་དོག་རྒྱ་སྨུག་དང་། མཚལ་ཁ། མཐིང་ག་བཅས་ཀྱི་སྐུད་པ་བཀོལ་མཁས་པ་དང་། བརྐོ་བཟོའི་ལས་ལ་བྱང་བའི་མི་ཞིག་ཐོངས་ཤིག དེ་ནི་ངའི་ཕ་དཱ་བིད་ཀྱིས་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་དུ་བསྡུས་པའི་ལག་ཤེས་པ་རྣམས་དང་ལྷན་ཅིག་ཏུ་ལས་ཀ་བྱེད་པའི་ཕྱིར་ཡིན་ནོ། །
8 ཡང་ཁྱེད་ཀྱིས་ལེ་པཱ་ནོན་ནས་བདག་ལ་ཐང་ཤིང་དང་གསོམ་ཤིང་། ཙན་དན་གྱི་གདུང་མ་བསྐུར་བར་མཛོད། གང་ལ་ཞེ་ན། ཁྱེད་ཀྱི་ཞབས་ཕྱི་རྣམས་ནི་ལེ་པཱ་ནོན་གྱི་གདུང་མ་གཅོད་ཤེས་མཁན་ཡིན་པ་བདག་གིས་ཤེས་པས་ཕྱིར་རོ། །ཡང་གཟིགས་དང་། ངའི་ཞབས་ཕྱི་རྣམས་ཀྱིས་ཁྱེད་ཀྱི་ཞབས་ཕྱི་དག་ལ་རོགས་བྱེད་པར་བྱ།
9 ངས་བཞེང་བར་བྱ་བའི་མཆོད་ཁང་འདི་ནི་ཁྱད་མཚར་ཅན་དང་རྒྱ་ཆེ་བ་ཞིག་ཡིན་པས། ངའི་ཕྱིར་གདུང་མ་མོད་པོ་བཤམ་པར་གྱིས་ཤིག
10 གཟིགས་དང་། ངས་ཁྱེད་ཀྱི་ཞབས་ཕྱི་སྟེ་གདུང་མ་གཅོད་མཁན་རྣམས་ལ་གྲོ་ཕྱེ་ཁལ་ཉིས་ཁྲི་དང་། ནས་ཁལ་ཉིས་ཁྲི་དང་། རྒུན་ཆང་ཆུ་བེན་ཉིས་ཁྲི་དང་། སྣུམ་ཆུ་བེན་ཉིས་ཁྲི་བཅས་སྦྱིན་པར་བྱ་ཞེས་སྨྲས་པ་ལ།
11 ཐཱར་གྱི་རྒྱལ་པོ་ཧི་རཱམ་གྱིས་སོ་ལོ་མོན་ལ་ཡིག་ལན་སྤྲིངས་ཏེ་ན་རེ། དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་འབངས་མི་ལ་བྱམས་པས་ཁྱེད་ཉིད་དེ་དག་གི་རྒྱལ་པོར་བསྐོས་པའོ་ཞེས་དང་།
12 ཡང་ཧི་རཱམ་ན་རེ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་སྟེ་གནམ་ས་འགོད་མཁན་ཁོང་ནི་བསྟོད་འོས་སོ། །ཁོང་གིས་རྒྱལ་པོ་དཱ་བིད་ལ་ཤེས་རབ་ལྡན་པའི་སྲས་ཤིག་གནང་བ་སྟེ། མཛངས་ཤིང་མཐོང་རྒྱ་ཡངས་ལ། དེས་དཀོན་མཆོག་ཡ་ཝཱེ་ལ་མཆོད་ཁང་དང་རང་ཉིད་ལ་རྒྱལ་པོའི་ཕོ་བྲང་བཞེང་ནུས་པ་ཡིན།
13 ད་ལྟ་ངས་བློ་རིག་ལྡན་པའི་མི་ལག་རྩལ་ཅན་ཞིག་དེར་མངགས་པར་བྱ་སྟེ། ཁོའི་མིང་ལ་ཧུ་རཱམ་ཨ་བེ་ཟེར་ཞིང་ལག་ཤེས་པ་ཡིན་ཏེ།
14 ཁོ་ནི་དཱན་ཚོ་པའི་བུད་མེད་ཅིག་གི་བུ་ཡིན་ལ། ཕ་ནི་ཐཱར་པ་ཞིག་ཡིན། མི་དེ་ནི་གསེར་དངུལ་ལི་ལྕགས་དང་། རྡོ་དང་ཤིང་། ཁ་དོག་རྒྱ་སྨུག་དང་། མཐིང་ག་དང་། མཚལ་ཁ་བཅས་ཀྱི་སྐུད་པ་དང་། སོ་རས་སྲབ་བུ་བཅས་ཀྱིས་ལས་ཀ་བྱེད་པར་བྱང་ཡོད་པ་དང་། རྐོ་བཟོའི་རིགས་སྣ་ཚོགས་ལ་མཁས་པར་མ་ཟད། དཔེ་རིས་འགོད་པའི་ཐབས་ལའང་མཁས་ཏེ། ཁྱེད་ཀྱི་ལག་ཤེས་པ་དང་ངའི་ཇོ་བོ་སྟེ་ཁྱེད་ཀྱི་ཡབ་དཱ་བིད་ཀྱི་ལག་ཤེས་པ་རྣམས་དང་མཉམ་དུ་ལས་ཀ་ཡོད་ཚད་བྱེད་ནུས་པ་ཡིན།
15 ད་ནི་ངའི་ཇོ་བོ་ཁྱེད་ཀྱིས་གསུངས་པ་བཞིན་དུ་གྲོ་དང་ནས། རྒུན་ཆང་། སྣུམ་བཅས་ཞབས་ཕྱི་རྣམས་ཀྱི་ཆེད་དུ་བསྐུར་བར་མཛོད་ཅིག
16 ངེད་རྣམས་ཀྱིས་ཁྱེད་ཀྱི་དགོས་མཁོ་ལྟར་ལེ་པཱ་ནོན་ནས་ཤིང་བཅད་དེ་གྲུ་རུ་བསྡམས་ནས། རྒྱ་མཚོའི་སྟེང་ནས་ཁྱེད་ཀྱི་དྲུང་དུ་ཡོ་ཕཱ་རུ་བསྐུར་བར་བྱ་སྟེ། དེ་ནས་ཁྱེད་ཀྱིས་ཡར་ཡེ་རུ་སཱ་ལེམ་དུ་དྲངས་ཆོག་པ་ཡིན་ཞེས་སྨྲས་པ་དང་།
17 དེ་ནས་སོ་ལོ་མོན་གྱིས་རང་གི་ཡབ་དཱ་བིད་ཀྱིས་རྩིས་བླངས་པའི་མི་གྲངས་ལྟར། ཡང་ཡེས་ར་ཨེལ་ཡུལ་ཁམས་སུ་ཡོད་པའི་བྱེས་པ་རྣམས་བརྩིས་པ་ལ། བསྡོམས་པས་མི་ཆིག་འབུམ་ལྔ་ཁྲི་སུམ་སྟོང་དྲུག་བརྒྱ་ཡོད་པའོ། །
18 དེར་ཁོང་གིས་དེ་རྣམས་ལས་ཁུར་པོ་འཁུར་མཁན་ཁྲི་བདུན་དང་། རི་ཁུལ་དུ་རྡོ་བཟོ་མཁན་ཁྲི་བརྒྱད་དང་། ལས་དཔོན་མི་སུམ་སྟོང་དྲུག་བརྒྱ་ལས་ཀར་ལྟ་རྟོག་བྱེད་མཁན་དུ་བཞག