ལེའུ་བཅུ་གསུམ་པ།
ཞལ་ཆད་ཀྱི་ཤུར་སྒམ་ཨོ་བེད་ཨེ་དོམ་གྱི་ཁྱིམ་དུ་གདན་དྲངས་པ།
1 དཱ་བིད་ཀྱིས་སྟོང་དཔོན་དང་བརྒྱ་དཔོན་དང་། འགོ་དཔོན་ཀུན་ལ་གྲོས་བྱས་ནས།
2 ཡེས་ར་ཨེལ་གྱི་མི་ཚོགས་ཐམས་ཅད་ལ་ན་རེ། གལ་ཏེ་ཁྱོད་ཅག་གིས་ལེགས་པར་འདོད་ཅིང་། དོན་འདི་ནི་རང་ཅག་གི་དཀོན་མཆོག་ཡ་ཝཱེའི་ཐུགས་དགོངས་ལྟར་ཡིན་པར་བསམས་ན། རང་ཅག་གིས་ཡུལ་སོ་སོར་མི་མངགས་ཏེ། ཡེས་ར་ཨེལ་གྱི་ཡུལ་ཀུན་ཏུ་ལུས་ཡོད་པའི་སྤུན་རྣམས་དང་། རྩྭ་ར་ཅན་གྱི་གྲོང་ཁྱེར་རྣམས་སུ་སྡོད་པའི་མཆོད་དཔོན་རྣམས་དང་། ལེ་ཝི་པ་རྣམས་བཅས་ངེད་ཅག་གི་རྩར་བསྡུ་བར་བྱའོ། །
3 རང་ཅག་གིས་རང་རེའི་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དེ་ཡང་འདི་རུ་ཕྱིར་འདྲེན་པར་བྱ། ཅིའི་ཕྱིར་ཞེ་ན། སོ་ལོའི་དུས་སུ་རང་ཅག་གིས་ཞལ་ཆད་ཀྱི་ཤུར་སྒམ་དྲུང་དུ་དཀོན་མཆོག་ལ་མ་ཞུས་སོ་ཞེས་སྨྲས་པར།
4 མི་ཐམས་ཅད་ཀྱིས་དེ་འགྲིག་པར་བསམས་པས། མི་ཚོགས་ཡོངས་དེ་བཞིན་བྱེད་པར་འཐད་པའོ། །
5 དེ་ནས་དཱ་བིད་ཀྱིས་དཀོན་མཆོག་གི་ཤུར་སྒམ་དེ་ཀིར་ཡཱད་ཡེ་ཨ་རིམ་ནས་ཕྱིར་གདན་འདྲེན་ཞུ་བའི་ཕྱིར། ཨེ་ཅིབ་ཀྱི་ཤི་ཧོར་གཙང་པོ་ ནས་ཧ་མཱད་ལ་འགྲོ་སའི་བར་དུ་ཡེས་ར་ཨེལ་པ་ཡོད་དོ་ཅོག་བསྡུས་ཤིང་།
6 དཱ་བིད་དང་ཡེས་ར་ཨེལ་པ་ཐམས་ཅད་པཱ་ཨ་ལ་བྱ་བ་སྟེ་ཡ་ཧུ་དཱའི་ཀིར་ཡཱད་ཡེ་ཨ་རིམ་ལ་སླེབས་ཤིང་། དེ་ནས་ཀེ་རུབ་རྣམས་ཀྱི་དབུས་སུ་བཞུགས་པའི་དཀོན་མཆོག་ཡ་ཝཱེའི་མཚན་ནས་འབོད་པའི་དཀོན་མཆོག་གི་ཤུར་སྒམ་དེ་གདན་འདྲེན་པར་ཕྱིན་ནས།
7 དེ་དག་གིས་དཀོན་མཆོག་གི་ཤུར་སྒམ་ནི་ཨ་བི་ནཱ་དབ་ཀྱི་ཁྱིམ་ནས་ཕྱུང་སྟེ། ཤིང་རྟ་གསར་པ་ཞིག་ལ་བསྐྱོན་ནས་ཨུ་ཟཱ་དང་ཨ་ཧི་ཨོ་གཉིས་ཀྱིས་ཤིང་རྟ་དེད་པ་རེད།
8 དཱ་བིད་དང་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་དཀོན་མཆོག་གི་སྤྱན་སྔར་སྟོབས་ཤུགས་ཡོངས་ཀྱིས་མགུར་ལེན་བཞིན། པི་ཝང་དང་། རྒྱུད་མངས་དང་། སིལ་རྔ་དང་། སིལ་སྙན་བཅས་དཀྲོལ་ནས་དུང་འབུད་ཀྱིན་དགའ་སྟོན་ལ་རོལ་ཏེ།
9 ཀི་དོན་གཡུལ་ཁ་རུ་སླེབས་དུས་སུ། བ་གླང་རྣམས་རྐང་འདྲེད་ཤོར་བས། ཨུ་ཟཱས་ལག་པ་བརྐྱངས་ནས་ཞལ་ཆད་ཀྱི་ཤུར་སྒམ་ལ་འཇུས་པ་དང་།
10 ཨུ་ཟཱས་ལག་པ་བརྐྱངས་ནས་ཞལ་ཆད་ཀྱི་ཤུར་སྒམ་ལ་རེག་པས། དཀོན་མཆོག་ཡ་ཝཱེ་ཨུ་ཟཱའི་སྟེང་ཐུགས་ཁྲོས་ནས་ཁོ་བཀུམ་པ་དང་ཁོ་གནས་དེ་རུ་དཀོན་མཆོག་གི་སྤྱན་སྔར་ཤི་བར་གྱུར་ཏོ། །
11 དཀོན་མཆོག་ཡ་ཝཱེས་གློ་བུར་ཉིད་དུ་ཨུ་ཟཱ་ལ་ཉེས་ཆད་བཅད་པའི་རྐྱེན་གྱིས་དཱ་བིད་ཤིན་ཏུ་མ་དགའ་བར་ས་ཆ་དེའི་མིང་ལ་ཕེ་རེལ་ཟི་ཨུ་ཟཱ་ཞེས་བཏགས་ནས་དེ་རིང་གི་བར་དུ་ལུས་སོ། །
12 ཉིན་མོ་དེར་དཱ་བིད་ནི་དཀོན་མཆོག་ལ་འཇིགས་ནས་འདི་ལྟར། ངས་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དེ་ངའི་རྩར་གདན་འདྲེན་ག་ལ་རུང་ཞེས་སྨྲས་པ་དང་།
13 དེ་ནས་དཱ་བིད་ཀྱིས་ཞལ་ཆད་ཀྱི་ཤུར་སྒམ་དེ་དཱ་བིད་ཀྱི་གྲོང་ཁྱེར་དུ་མ་དྲངས་པར། དེ་ལས་བཟློགས་ཏེ་གཱད་པ་ཨོ་བེད་ཨེ་དོམ་གྱི་ཁྱིམ་དུ་གདན་དྲངས་སོ། །
14 དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དེ་ཨོ་བེད་ཨེ་དོམ་གྱི་ཁྱིམ་དུ་ཟླ་བ་གསུམ་ལ་ལུས་ཤིང་། དཀོན་མཆོག་ཡ་ཝཱེས་ཨོ་བེད་ཨེ་དོམ་གྱི་ཁྱིམ་དང་དེ་ལ་གཏོགས་པ་ཐམས་ཅད་ལ་བྱིན་གྱིས་བརླབས་སོ། །