གསུང་མགུར་དོན་བདུན༌པ།
དཀའ་སྡུག་ཁྲོད་ཀྱི་སེམས་གསོ།
༼ཡེ་དུ་ཐུན་གྱི་ལུགས་སུ་དབུ་མཛད་ལ་སྤྲད་པའི་ཨ་སབ་ཀྱི་མགུར༌མ།༽ དཀོན་མཆོག་དྲུང་དུ་སྐད་གསང་མཐོན་པོས༌འབོད། །དཀོན་མཆོག་བོས་པས་ཁོང་གིས་གསན་པར༌འགྱུར།། དཀའ་སྡུག་ཉིན་མོར་ང་ཡིས་ཡ་ཝཱེ༌བཙལ། །མཚན་གྱི་དུས་སུ་ལག་པ་ཡར་བཏེགས༌ནས། །རྒྱུན་ཆད་མེད་པར་ཁོང་ལ་གསོལ་བ༌བཏབ། །བདག་གི་སེམས་ཀྱིས་སེམས་གསོ་མ་འདོད༌དོ།། ང་ཡིས་དཀོན་མཆོག་དྲན་ཞིང་འཁུན་སྒྲ༌ཕྱུང༌། །འོ་དོད་འབོད་དུས་བདག་སེམས་རྒུད་པར༌གྱུར།།༼ སེ༌ལཱ། ༽ ཁྱེད་ཀྱིས་བདག་གི་མིག་ལྕིབས་ཕྱེ་བར་མཛད། །བདག་སེམས་འཁྲུགས་ནས་གཏམ་ཡང་སྨྲ་མ༌ནུས།། སྔར་གྱི་ཉིན་མོ་རྣམས་དང་གནའ་སྔ༌མོའི། །ལོ་ཟླ་རྣམས་ལ་ང་ཡིས་བསམ་བློ༌བཏང༌།། རང་གི་མཚན་མོའི་མགུར་མ་དྲན་པ༌དང༌། །སྙིང་དུ་བསྒོམས་ཤིང་སེམས་ཀྱིས་ཞིབ་དཔྱོད༌བྱས།། གཙོ་བོས་ང་རང་རྟག་ཏུ་སྤངས་ནས༌ནི། །ཕྱིན་ཆད་ནམ་ཡང་ཐུགས་རྗེ་མི་མཛད༌དམ།། ཁོང་གི་བྱམས་བརྩེ་གཏན་དུ་ཡལ་བ༌དང༌། །ཁོང་གི་ཞལ་བཞེས་དུས་རྒྱུན་མི་འགྲུབ༌བམ།། དཀོན་མཆོག་ཉིད་ཀྱིས་སྙིང་རྗེ་བརྗེད་གྱུར༌རམ། །ཐུགས་ཁྲོས་ཁོང་གི་བྱམས་བརྩེའི་བར་བཅད༌དམ།།༼ སེ༌ལཱ། ༽ 10 བླ་ན་མེད་པ་ཁོང་གི་ཕྱག༌གཡས་པས། །ང་ལ་སྔར་བཞིན་འཕྲིན་ལས་མི་མཛད༌པ། །འདི་ནི་བདག་གི་སྐྱོ་གདུང་ཡིན་པར༌བསམས།། 11 བདག་གིས་ཡ་ཝཱེའི་མཛད་པ་རྣམས་བརྗོད༌ཅིང༌། །ཁྱེད་ཀྱི་གནའ་བོའི་ངོ་མཚར་དོན་རྣམས༌དྲན།། 12 ཁྱེད་ཀྱི་འཕྲིན་ལས་ཀུན་ནི་བསྒོམ་བྱ༌ཞིང༌། །ཁྱེད་ཀྱི་མཛད་པ་རྣམས་ལ་བསམ་བློ༌གཏོང༌།། 13 དཀོན་མཆོག་ཁྱེད་ཀྱི་ཐབས་ལམ་རྣམ་དག༌ཡིན། །དཀོན་མཆོག་ལྟ་བུ་ཆེན་པོའི་ལྷ་སུ༌ཡོད།། 14 ངོ་མཚར་མཛད་མཁན་དཀོན་མཆོག་ཁྱེད་ལགས༌ཏེ། །མི་སྡེའི་ནང་དུ་ཁྱེད་ཀྱིས་སྟོབས་ཀྱང༌བསྟན།། 15 ཁྱེད་ཀྱིས་ཕྱག་དཔུང་བརྐྱངས་ནས་མི་རྣམས༌ཏེ། །ཡ་ཀོབ་དང་ནི་ཡོ་སེབ་བུ་རྣམས༌བསྐྱབས།།༼ སེ༌ལཱ། ༽ 16 ཀྱེ་ཀྱེ་དཀོན་མཆོག་ཆུ་རྣམས་ཁྱེད་མཇལ༌ཞིང༌། །མཇལ་བ་ཙམ་གྱིས་ཤིན་ཏུ་འཚབ་པ༌དང༌། །མཚོ་འོག་རྣམས་ཀྱང་ཐམས་ཅད་འདར་བ༌འོ།། 17 སྤྲིན་ཕུང་གིས་ནི་ཆར་ཆུ་བྱོ་བ་དང༌། །ནམ་མཁའི་དབྱིངས་ཀྱིས་སྐད་སྒྲ་འུར་འུར༌བསྒྲགས། །ཁྱེད་ཀྱི་ཕྱག་མདའ་རྣམས་ཀྱང་ཕྱོགས་བཞིར༌འཁྱུགས།། 18 རླུང་འཁོར་འཚུབ་མའི་ནང་དུ་ཐོག་སྐད༌གྲགས། །གློག་དམར་འཁྱུགས་ནས་འཇིག་རྟེན་འོད་ལ༌ཁྱེར། །ས་གཞི་འདར་ཞིང་འགུལ་ནས་ཡོམ་ཡོམ༌བྱས།། 19 ཁྱེད་ཀྱི་ཕེབས་ལམ་རྒྱ་མཚོའི་ནང་དུ༌མཆིས། །ཆུ་ཆེན་རྣམས་སུ་གཤེགས་པའི་ལམ་ཡང༌ཡོད། །ཁྱེད་ཀྱི་ཞབས་རྗེས་མཐོང་མཁན་སུ་ཡང༌མེད།། 20 མོ་ཤེ་དང་ནི་ཨ་རོན་ལག་པ༌མཉམ། །ཁྱེད་ཀྱི་འབངས་མི་ལུག་གི་ཁྱུ་ལྟར༌ཁྲིད།།