གསུང་མགུར་ང་ལྔ༌པ།
གྲོགས་པོའི་ངོ་ལོག་ཐེབས་པ་རྣམས་ཀྱི་གསོལ་འདེབས།
༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་བསླབ་བྱའི་མགུར་རྒྱུད་མང་རོལ་ཆས་སྤེལ༌མ།༽ ཀྱེ་ཀྱེ་དཀོན་མཆོག་བདག་གི་སྨོན་ལམ༌གསོན། །ང་ཡི་ཞུ་འབོད་སྣང་མེད་མི་བསྐྱུར༌རོགས།། བདག་ལ་གསན་ཞིང་བཀའ་ལན་གནང་བར༌མཛོད། །སྡུག་ནང་སེམས་འཁྲུག་སྨྲེ་སྔགས་འདོན་པ༌ཡིན།། དེ་དག་ཐམས་ཅད་དགྲ་ཡི་སྐད་སྒྲ༌དང༌། །ངན་པའི་གཉའ་གནོན་ལས་བྱུང་ཁོ་རྣམས༌ཀྱིས། །ང་ཡི་སྟེང་ལ་ཆག་སྒོ་འབབ་བཅུག༌སྟེ། །ཁོང་ཁྲོ་དང་བཅས་བདག་ལ་འཚེ་བར༌བྱེད།། ང་ཡི་ཁོག་ཏུ་སྙིང་ལ་ཟུག་གཟེར༌ལངས། །འཆི་བའི་འཇིགས་པ་བདག་གི་སྟེང་ལ༌བབས།། འཇིགས་སྣང་དང་ནི་འདར་ཡམ་ང་ལ༌བྱུང༌། །དངངས་སྐྲག་གིས་ནི་ང་རང་འགེབས་པར༌བྱས།། དེ་ནས་བདག་གིས་འདི་ལྟར་སྨྲས་པ༌སྟེ། །བདག་ལ་ཕུག་རོན་གཤོག་ཟུང་ལྡན་གྱུར༌ན། །ནམ་འཕང་བཅད་དེ་བདེ་བར་སྡོད༌བྱ་འོ།། ལྟོས་དང་ང་ནི་རྒྱང་རིང་ཡུལ་དུ༌འབྲོ། །དབེན་སྟོང་གནས་སུ་སྡོད་པར་འགྱུར༌བ་འོ།།༼ སེ༌ལཱ། ༽ ང་རང་མྱུར་དུ་སྐྱབས་གནས་སུ་ཕྱིན༌ཏེ། །རླུང་འཚུབ་དྲག་ཆར་ལ་ནི་གཡོལ་བར༌བྱ།། གདུག་རྩུབ་འགྲན་རྩོད་གྲོང་ཁྱེར་ནང་མཐོང༌བས། །ཀྱེ་ཀྱེ་གཙོ་བོ་དེ་རྣམས་ཚར་གཅོད༌ཅིང༌། །དེ་དག་སྐད་ཆ་རབ་ཏུ་འཁྲུག་པར༌མཛོད།། 10 ངན་པ་ཉིན་མཚན་མེད་པར་ལྕགས་རིར༌འཁོར། །གྲོང་ཁྱེར་ནང་དུ་སྡིག་ཉེས་ཆག་སྒོས༌གང༌།། 11 གཏོར་བཤིག་གཏོང་བའི་དོན་ཡང་དེའི་ནང༌མཆིས། །གཉའ་གནོན་གཡོ་སྒྱུ་ཐང་ཆེན་དང་སྦྲེལ༌ལོ།། 12 དོན་དུ་ང་ལ་སྨད་མཁན་དགྲ་བོ༌མིན། །དགྲ་བོ་ཡིན་ན་བདག་གིས་བཟོད་ནུས༌ཡིན། །སྡང་མཁན་གྱིས་ནི་ཁེངས་དྲེགས་སྟོན་པའང༌མིན། །དེ་འདྲ་ཡིན་ཚེ་ང་རང་གཡོལ་ཐུབ༌བོ།། 13 འོན་ཀྱང་ཁྱོད་ནི་བདག་དང་ཆ་མཚུངས༌ཤིང༌། །ང་ཡི་ཟླ་བོ་ང་ཡི་མཛའ་གྲོགས༌ཡིན།། 14 དུས་རྒྱུན་མཉམ་དུ་གཏམ་གླེང་ཟབ་མོ༌བྱས། །ཚོགས་མཉམ་དཀོན་མཆོག་བཞུགས་གནས་ནང་དུ༌སྐྱོད།། 15 དེ་ཚོ་སྡོད་པའི་གནས་དང་སེམས་ནང༌དུ། །ཏག་ཏག་མ་རུངས་པ་ཡིས་ཁེངས་འདུག༌པས། །འཆི་བ་གློ་བུར་དེ་ཚོར་འབབ་གྱུར༌ཅིག །དེ་རྣམས་གསོན་པོར་གཤིན་ཡུལ་ལྷུང་བར༌ཤོག། 16 འོན་ཀྱང་ང་ཡིས་དཀོན་མཆོག་འབོད་པར༌བྱ། །ཡ་ཝཱེས་ང་རང་སྐྱོབ་པར་གདོན་མི༌ཟ།། 17 ནངས་དང་དགོང་མོ་ཉི་མའི་གུང་བཅས༌ལ། །འོ་དོད་དང་ནི་སྨྲེ་སྔགས་འདོན་འགྱུར༌བས། །བདག་གི་ངུ་སྐད་ཁོང་གིས་གསན་པར༌འགྱུར།། 18 ང་ལ་འཐབ་མཁན་ཤིན་ཏུ་མང་ན༌ཡང༌། །ང་ལ་རྒོལ་བར་བྱེད་པའི་མི་རྣམས༌ལས། །ཁོང་གིས་ངའི་སྲོག་སྐྱོབ་ཅིང་བདེ་བར༌འགོད།། 19 གདོད་ནས་རྒྱལ་ཁྲིར་བཞུགས་པའི་དཀོན་མཆོག༌གིས། །གསན་ཞིང་ཁོ་རྣམས་སྡུག་ལ་སྦྱོར་བར༌ངེས། །༼ སེ༌ལཱ། ༽ གང་ལ་ཞེ་ན་དེ་རྣམས་འགྱུར་མི༌འདོད། །དཀོན་མཆོག་ལ་ཡང་གུས་ཤིང་འཇིགས་པ༌མེད།། 20 མི་དེས་རང་གི་དམ་ཚིག་བརླགས་ནས༌ནི། །སེམས་མཐུན་ཕྱོགས་སུ་ལག་པ་བརྐྱངས་ནས༌རྒོལ།། 21 སྨྲ་སྒོའི་གཏམ་ནི་སྣུམ་ལས་འཇམ་ན༌ཡང༌། །སེམས་ཀྱི་ནང་དུ་འཐབ་འཛིང་ཉར་ནས༌ཡོད། །ཁ་ཡི་གཏམ་རྣམས་སྣུམ་ལས་མཉེན༌ན་ཡང་། །དོན་དུ་ཤུབས་ནས་བཏོན་པའི་རལ་གྲི༌ཡིན།། 22 ཁྱོད་ཀྱིས་རང་གི་ཁུར་བོ་ལྕི་མོ༌རྣམས། །ཡ་ཝཱེར་འཆོལ་དང་ཁོང་གིས་ཁྱོད་རང༌སྐྱོར། །ཁོང་གིས་དྲང་པོ་ནམ་ཡང་འགྱེལ་མི༌བྱ།། 23 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱིས་མི་ངན༌རྣམས། །འཇིག་པའི་དོང་རིང་ནང་དུ་འབེབས་པར༌བྱ། །ལག་དམར་དང་ནི་གཡོ་སྒྱུ་སྤེལ་མཁན༌རྣམས། །ཚེ་ཕྱེད་ཙམ་ཡང་གསོན་པར་མི་འགྱུར༌མོད། །འོན་ཀྱང་བདག་གིས་ཁྱེད་ལ་བློ་གཏད༌བྱ།།