གསུང་མགུར་ལྔ་བཅུ༌པ།
ཁྲིམས་ཐག་གཅོད་པའི་དཀོན་མཆོག
༼ཨ་སབ་ཀྱི་མགུར༌མ།༽ ཀུན་དབང་དཀོན་མཆོག་ཡ་ཝཱེས་གསུང་གནང༌སྟེ། །ཤར་ནས་ནུབ་ལ་ཐུག་པའི་ས་གཞི༌བོས།། མཛེས་སྡུག་ཡོངས་སུ་རྫོགས་པའི་ཛ་ཡན༌ལས། །དཀོན་མཆོག་གིས་ནི་ཉིད་ཀྱི་གཟི་འོད༌མངོན།། རང་ཅག་དཀོན་མཆོག་ཕེབས་ཤིང་ཞལ་མི༌རོག །ཁོང་གི་དྲུང་དུ་མེ་ཡིས་འཇོམས་བྱེད༌ཅིང༌། །ཁོང་གི་ཕྱོགས་བཞིར་རླུང་དམར་དྲག་ཏུ༌གཡུག། ཉིད་ཀྱི་མི་སྡེར་ཁྲིམས་ཐག་གཅོད་པའི༌ཕྱིར། །སྟེང་གི་གནམ་དང་ས་གཞིར་ཞལ་འབོད༌གནང༌།། མཆོད་པ་ཕུལ་ནས་ཁ་ཆད་བཞག་པ༌ཡི། །དད་གུས་ཅན་རྣམས་ངའི་དྲུང་སྡུས་ཤིག༌གསུངས།། དཀོན་མཆོག་ཉིད་ཀྱིས་དངོས་སུ་ཁྲིམས་གཅོད༌པས། །ནམ་མཁའི་དབྱིངས་རྣམས་ཁོང་གི་དྲང་བདེན༌སྒྲོག།༼ སེ༌ལཱ། ༽ ང་ཡི་བུ་རྒྱུད་ཉོན་ཅིག་བདག་གིས༌གསུང༌། །ཡེས་ར་ཨེལ་ཁྱོད་བདག་གིས་ནག་ཉེས༌འཛུགས། །ང་ནི་དཀོན་མཆོག་ཁྱོད་ཀྱི་དཀོན་མཆོག༌ཡིན།། ཁྱོད་ཀྱི་མཆོད་པའི་ཕྱིར་དུ་བཀའ་མི༌བཀྱོན། །ཁྱོད་ཀྱི་སྦྱིན་སྲེག་རྟག་ཏུ་ངའི་མདུན༌གནས།། ཁྱོད་ཀྱི་ཁྱིམ་ནས་གླང་ཐུག་ངས་མི༌ལེན། །ཁྱོད་ཀྱི་ལྷས་ནས་ར་ཕོ་ངས་མི༌འཁྱེར།། 10 རྒྱ་རྫོང་ནགས་ཀྱི་རི་དྭགས་ཐམས་ཅད་དང༌། །སྟོང་ཕྲག་རི་བོའི་ཕྱུགས་རྣམས་ཁོ་བོའི༌ཡིན།། 11 རི་ཡི་འདབ་ཆགས་ཐམས་ཅད་ངས་ཤེས༌ཤིང༌། །ཐང་གི་རི་དྭགས་མཐའ་དག་ང་ཡི༌ཡིན།། 12 འཇིག་རྟེན་དང་ནི་དེ་རུ་ཡོད་པ༌ཀུན། །བདག་གི་ཡིན་པས་ང་རང་བཀྲེས༌ན་ཡང་། །ཁྱོད་ལ་སྨྲ་བའི་དགོས་པ་ཡེ་མ༌མཆིས།། 13 ང་ཡིས་གླང་གི་ཤ་ནི་བཟའ་འགྱུར༌རམ། །དེ་བཞིན་ར་ཕོའི་ཁྲག་ཀྱང་ངས་བཏུང༌ངམ།། 14 དཀོན་མཆོག་ལ་ནི་གཏང་རག་མཆོད་པར༌ཕུལ། །བླ་མེད་ཁོང་ལ་དམ་བཅའ་རྣམས་སྒྲུབས༌ཤིག། 15 དཀའ་སྡུག་དུས་སུ་ང་ལ་འོ་དོད༌བོས། །ངས་ཁྱོད་སྒྲོལ་ཞིང་ཁྱོད་ཀྱིས་ང་ལ༌བསྟོད།། 16 འོན་ཀྱང་ངན་པར་ཁོང་གིས་འདི་སྐད༌གསུངས། །ང་ཡི་སྒྲིག་ཁྲིམས་ཁྱོད་ཀྱིས་ཅི་ལ༌འཆད། །ང་ཡི་ཞལ་ཆད་ཁ་རུ་ཅི་ལ༌གླེང༌།། 17 དོན་དུ་ཁྱོད་ནི་བསླབ་བྱར་སྡང་བ༌དང༌། །ང་ཡི་བཀའ་རྣམས་རྒྱབ་ཏུ་བསྐྱུར་པ༌འོ།། 18 ཇག་རྐུན་མཐོང་དུས་ཁྱོད་ནི་ཁོ་དང༌འགྲོགས། །ལོག་གཡེམ་བྱེད་མཁན་ལ་ཡང་ཁྱོད་རང༌འདྲེས།། 19 ཁྱོད་ཀྱི་ཁ་ཡིས་གཏམ་ངན་གང་བྱུང༌སྨྲ། །ཁྱོད་ཀྱི་ལྕེ་ཡིས་གཡོ་སྒྱུ་རྩོམ༌པ་འོ།། 20 ཁྱོད་ཀྱིས་རྒྱུན་དུ་རང་གི་སྤུན་ལ༌སྨད། །རང་གི་མ་ཡི་བུ་ལ་སྙད་འདོགས༌བྱེད།། 21 དེ་བཞིན་བྱས་ཀྱང་བདག་གིས་ཅང་མ༌སྨྲས། །ཁྱོད་ཀྱིས་ང་རང་ཁྱོད་དང་འདྲ་བར༌བསམས། །དོན་དུ་ང་ཡིས་ཁྱོད་ལ་བཀྱོན་ནས༌ནི། །ཁ་རི་ཁ་ཐུག་ཁྱོད་ཀྱི་སྐྱོན་བརྗོད༌དོ།། 22 སྐྱོབ་མཁན་མེད་པར་ངས་ཁྱོད་དབྲལ་ལས༌ཆེ། །དཀོན་མཆོག་བརྗེད་མཁན་ཁྱོད་རྣམས་མནོ༌བསམ་ཐོངས།། 23 གཏང་རག་མཆོད་པར་འབུལ་མཁན་ཐམས་ཅད༌ཀྱིས། །དོན་དུ་ང་ལ་བསྟོད་པ་ཕུལ་བ༌ཡིན། །སྤྱོད་ལམ་ཚགས་སུ་ཆུད་པར་བྱེད་མཁན༌ལ། །དཀོན་མཆོག་ང་ཡི་ཐར་པ་བདག་གིས༌སྟོན།།