གསུང་མགུར་ཞེ་ལྔ༌པ།
རྒྱལ་པོ་ཚང་གི་གསོལ་སྟོན་གྱི་མགུར་མ།
1 ༼མེ་ཏོག་ཀུ་མུད་ཀྱི་དབྱངས་ནང༌དུ། ཀོ་རཱག་གི་བུ་རྣམས་ཀྱིས་གདུང་སེམས་དང་བཅས་དབུ་མཛད་ལ་བླངས་པའི་བསླབ་བྱའི་མགུར༌མ།༽ ཚིག་སྦྱོར་སྙན་མོས་བདག་གི་སེམས་བསྒུལ༌ཞིང༌། །རྒྱལ་པོ་ལ་ནི་ང་ཡིས་ཅི་བྱས༌བརྗོད། །བདག་གི་ལྕེ་ནི་མཁས་པའི་འབྲི་སྨྱུག༌ཡིན།།
2 མི་བུ་རྣམས་ལས་ཁྱེད་ནི་ལྷག་པར༌མཛེས། །ཁྱེད་ཀྱི་མཆུ་ལ་ཐུགས་རྗེ་ཕྱུག་པའི༌སྟབས། །དཀོན་མཆོག་གིས་ནི་གཏན་དུ་བྱིན་གྱིས༌བརླབས།།
3 དཔལ་དང་གཟི་བྱིན་ལགས་པའི་རལ་གྲི༌དེ། །ཀུན་དབང་ཁྱེད་ཀྱི་སྐུ་རྐེད་འདོགས་པར༌མཛོད།།
4 བདེན་པ་ཉིད་དང་ཁེངས་སྐྱུང་དྲང་བདེན༌ཕྱིར། །ཉིད་ཀྱི་གཟི་བྱིན་ཁྲོད་དུ་རྒྱལ་ཁའི༌ངང༌། །ཆིབས་ཁ་བསྒྱུར་ནས་མདུན་དུ་བསྐྱོད་པར༌མཛོད། །ཕྱག་གཡས་འཇིགས་རུང་དོན་རྣམས་མཛད་གྱུར༌ཅིག།
5 རྒྱལ་པོའི་རྣོ་ཞིང་མྱུར་བའི་མདའ་མོ༌ནི། །ཉིད་ཀྱི་དགྲ་ཡི་སྙིང་ལ་ཕོག་པ༌དང༌། །མི་སྡེ་ཐམས་ཅད་ཁྱེད་ཀྱི་ཞབས་འོག༌འགྱེལ།།
6 དཀོན་མཆོག་ཁྱེད་ཀྱི་བཞུགས་ཁྲི་རྟག་ཏུ༌གནས། །འཁར་བ་དྲང་པོ་ཁྱེད་ཀྱི་སྲིད་འཁར་ཡིན།།
7 ཁྱེད་ནི་དྲང་པོར་མཉེས་ཤིང་ངན་པར༌སྡང༌། །དེའི་ཕྱིར་དཀོན་མཆོག་ཁྱེད་ཀྱི་དཀོན་མཆོག༌གིས། །ཁྱེད་ཀྱི་གྲོགས་པོ་རྣམས་ལས་ལྷག་པར༌དུ། །ཁྱེད་ལ་དགའ་སྤྲོའི་སྣུམ་གྱིས་བྱུགས་པར༌མཛད།།
8 ན་བཟའ་རྣམས་ལས་བྱུགས་རྫས་གུ་གུལ༌དང༌། །ཨ་ག་རུ་དང་ཤིང་ཚའི་དྲི་བསུང༌འཐུལ། །བ་སོའི་མཁར་གྱི་རོལ་མོ་ལས་འབྱུང༌བའི། །སྙན་པའི་སྒྲ་ཡིས་ཁྱེད་ལ་སྤྲོ་བ༌བསྐྱེད།།
9 ཁྱེད་ཀྱི་བཀུར་འོས་བཞིན་བཟང་རྣམས་ཀྱི༌ཁྲོད། །རྒྱལ་པོའི་སྲས་མོ་བཞུགས་ཤིང་ཕྱག་གཡས༌སུ། །ཨོ་ཕིར་གསེར་རྒྱན་བཏགས་པའི་རྒྱལ་མོ༌བཞེངས།།
10 ཀྱེ་ཀྱེ་བུ་མོ་ཁྱེད་ཀྱིས་མཉན་པར༌གྱིས། །བསམ་བློ་ཐོངས་ལ་རྣ་བ་གཏད་ནས༌ཉོན། །རང་གི་རྒྱུད་དང་ཕ་གཞིས་བརྗེད་གྱུར༌ཅིག །
11 ཁྱེད་ཀྱི་མཛེས་སྡུག་ལ་ནི་རྒྱལ་པོ༌གདུང༌། །རང་གི་གཙོ་བོ་ཁོང་ལ་ཕྱག་ཕུལ༌ཞིག།
12 ཐཱར་གྱི་བུ་མོས་ཕྱག་རྟེན་འབུལ་བ༌དང༌། །མི་སྡེའི་ཕྱུག་པོས་ཁྱེད་ཀྱི་ཐུགས་རྗེ༌བསྙེག།
13 ཁབ་ཏུ་རྒྱལ་པོའི་སྲས་མོ་ཤིན་ཏུ༌མཛེས། །ན་བཟའ་གསེར་གྱི་སྐུད་པས་བཏགས་པ༌འོ།།
14 ཚེམ་དྲུབ་གསོལ་ཏེ་རྒྱལ་པོའི་དྲུང་བསྐྱལ༌འོང༌། །ཁོ་མོའི་བག་རོགས་ན་ཆུང་བུ་མོ༌རྣམས། །དེ་བཞིན་ཁྱེད་ཀྱི་སྐུ་དྲུང་བསྐྱལ་བར༌འགྱུར།།
15 དགའ་མགུ་ཡི་རངས་དང་བཅས་བསྐྱལ་བ༌དང༌། །དེ་རྣམས་རྒྱལ་པོའི་ཁབ་ནང་འཇུག་པར༌འགྱུར།།
16 བུ་རྒྱུད་རྣམས་ཀྱིས་ཡབ་མེས་རྒྱུན་འཛིན༌ཞིང་། །ས་གཞི་ཡོངས་སུ་རྗེ་བོར་ཁྱེད་ཀྱིས༌བསྐོ།།
17 ཁྱེད་མཚན་མི་རབས་ཀུན་ལ་དྲན་པར༌བྱ། །མི་སྡེ་ཡོངས་ཀྱིས་རྟག་ཏུ་ཁྱེད་ལ༌བསྟོད།།