གསུང་མགུར་ཞེ་གསུམ༌པ།
ཡུལ་འཁྱར་པའི་གསོལ་འདེབས་གཉིས་པ།
ཀྱེ་ཀྱེ་དཀོན་མཆོག་ང་ལ་དག་འབུད༌མཛོད། །བདག་གི་གྱོད་དོན་དད་མེད་མི་རིགས༌ལ། །རྩོད་པར་མཛོད་ཅིག་གཡོ་སྒྱུ་ཅན་རྣམས༌དང༌། །ལོག་ལྟ་ཅན་ལས་ང་རང་བསྐྱབ་ཏུ༌གསོལ།། ཁྱེད་ནི་ང་ཡི་སྐྱབས་གནས་དཀོན་མཆོག༌ཡིན། །ཁྱེད་ཀྱིས་ང་རང་སྤངས་དོན་ཅི་ཡིན༌ནམ། །དགྲ་བོའི་གཉའ་གནོན་དབང་གིས་ང་རང༌ནི། །མྱ་ངན་ནང་དུ་འགྲུལ་བ་ཅིའི་ཕྱིར༌ཡིན།། ཁྱེད་ཀྱིས་ཉིད་ཀྱི་འོད་དང་བདེན་པ༌སྩོལ། །དེ་ཡིས་ང་ལ་ལམ་སྟོན་མཛད་ནས༌ནི། །དམ་པའི་རི་དང་བཞུགས་གནས་དེར་འཁྲིད༌རོགས།། དེ་ནས་དཀོན་མཆོག་མཆོད་ཁྲིའི་རྩར་བཏུད༌ནས། །བདག་གི་དགའ་སྤྲོའི་མཆོག་སྟེ་དཀོན་མཆོག༌དྲུང༌། །ཀྱེ་ཀྱེ་དཀོན་མཆོག་ང་ཡི་དཀོན་མཆོག༌ལགས། །པི་ཝང་དཀྲོལ་ཞིང་ཁྱེད་ལ་བསྟོད་བསྔགས༌བརྗོད།། ང་ཡི་སེམས་ནི་ཅི་ལ་ཕམ་པ༌ཡིན། །བདག་གི་སེམས་ཁོང་འཁྲུགས་དོན་ཅི་ཡིན༌ནམ། །ང་ཡི་མགོན་སྐྱབས་ང་ཡི་དཀོན་མཆོག༌ལ། །བདག་གིས་ད་དུང་བསྟོད་བསྔགས་བརྗོད་པས༌ན། །ཁྱོད་ཀྱིས་ཁོང་ལ་རེ་ལྟོས་བཅང་འོས༌སོ།།