གསུང་མགུར་སོ་བཞི༌པ།
ཡ་ཝཱེ་ཇི་འདྲ་ལེགས་པར་བསྟོད་པ།
༼ཨ་བི་མེ་ལེག་གི་གམ་དུ་དཱ་བིད་ཀྱིས་སྨྱོ་ཁུལ་བྱས་ཤིང་དེས་ཁོ་བསྐྲད་ནས་ཆས་པའི་དུས་ཀྱི་མགུར༌མ།༽ ཡ་ཝཱེར་ང་ཡིས་རྒྱུན་དུ་བསྟོད་བསྔགས༌བརྗོད། །ཁོང་གི་བསྟོད་ཚིག་རྟག་ཏུ་ངའི་ཁར༌གནས།། ཡ་ཝཱེའི་དབང་གིས་བདག་སེམས་ཡིད་ཆེས༌ཁེངས། །ཉམ་ཆུང་རྣམས་ཀྱིས་ཐོས་པས་དགའ་བར༌འགྱུར།། ང་དང་ལྷན་ཅིག་ཡ་ཝཱེའི་ཆེ་བ༌བརྗོད། །ང་ཚོས་མཉམ་དུ་ཁོང་གི་མཚན་ལ༌བསྟོད།། ང་ཡིས་ཁོང་ལ་ཞུས་པས་བཀའ་ལན༌གནང༌། །འཇིགས་པ་ཀུན་ལས་ང་རང་ཐར་བར༌མཛད།། ཁོང་ལ་རེ་ལྟོས་འཆང་མཁན་འཛུམ་མདངས༌རྒྱས། །དེ་ཚོའི་གདོང་ནི་ནམ་ཡང་ནོངས་མི༌འགྱུར།། ཉམ་ཆུང་མི་འདིའི་འོ་དོད་ཡ་ཝཱེས༌གསན། །དཀའ་སྡུག་ཀུན་ལས་ཁོང་གིས་ཐར་བར༌མཛད།། ཡ་ཝཱེར་གུས་ཤིང་འཇིགས་པའི་མཐའ་སྐོར༌དུ། །ཁོང་གི་ཕོ་ཉས་དམག་སྒར་བཏབ་ནས༌སྐྱོབ།། ཡ་ཝཱེ་ཇི་འདྲ་ལེགས་པ་ཉམས་སུ༌མྱོངས། །ཁོང་ལ་སྐྱབས་སུ་འགྲོ་བའི་མི་རྣམས༌བདེ།། ཡ་ཝཱེར་གུས་ཤིང་འཇིགས་པར་ཕོངས་པ༌མེད། །དེའི་ཕྱིར་ཁོང་གི་སྐྱེས་བུ་དམ་པ༌རྣམས། །ཁྱོད་རྣམས་ཁོང་ལ་གུས་ཤིང་འཇིགས་པར༌གྱིས།། 10 སེང་དར་ཡིན་ཡང་རྒུད་ཅིང་ལྟོགས་ངེས༌མོད། །ཡ་ཝཱེ་འཚོལ་མཁན་མི་ལ་ཅང་མི༌ཆད།། 11 ཕྲུ་གུ་ཁྱོད་རྣམས་ཤོག་དང་ང་ལ༌ཉོན། །ཡ་ཝཱེར་གུས་ཤིང་འཇིགས་པའི་ལུགས་བསླབ༌ཡོང༌།། 12 ཚེ་སྲོག་གཅེས་སུ་འཛིན་ཞིང་ཚེ་རིང༌ནས། །སྐྱིད་ལ་རོལ་བར་འདོད་པ་སུ་ཡོད༌ན།། 13 ཚིག་ངན་སྨྲ་བའི་ལྕེ་ནི་བསྡམ་དགོས་ཤིང་། །མཆུ་ཏོའི་གཡོ་སྒྱུ་རྣམས་ཀྱང་བསྲུང་བར་གྱིས།། 14 ངན་པ་སྤངས་ནས་བཟང་པོའི་ལས་བྱེད༌ཅིང༌། །ཞི་མཐུན་འཚོལ་ཞིང་རྩེ་གཅིག་གིས་ནི༌སྙེགས།། 15 ཡ་ཝཱེའི་སྤྱན་གྱིས་དྲང་བདེན་མི་ལ༌གཟིགས། །ཁོང་གི་སྙན་གྱིས་དེ་ཚོའི་འོ་དོད༌གསན།། 16 སྡིག་སྤྱོད་རྗེས་ཤུལ་ས་ལས་ཡལ་བའི༌ཕྱིར། །དེ་རྣམས་ལ་ནི་ཡ་ཝཱེའི་ཞལ་རས༌འགྱུར།། 17 དྲང་པོའི་འོ་དོད་ཡ་ཝཱེས་གསན་པ༌དང༌། །དེ་རྣམས་དཀའ་སྡུག་ཀུན་ལས་ཐར་བར༌མཛད།། 18 ཡ་ཝཱེ་ཡིད་སེམས་སྐྱོ་བའི་མི་ལ༌བཅར། །སེམས་ཁམས་སྡུག་གིས་མནར་བ་ཁོང་གིས༌བསྐྱབ།། 19 དྲང་བདེན་མི་ལ་དཀའ་སྡུག་མང་ན༌ཡང༌། །ཡ་ཝཱེས་དེ་ནི་ཡོངས་སུ་སྐྱོབ་པ༌ཡིན།། 20 ཁོང་གིས་མི་དེའི་རུས་པ་ཐམས་ཅད༌བསྲུང༌། །རུས་རྐང་གཅིག་ཀྱང་འཆག་པར་མི་འགྱུར༌རོ།། 21 མི་དགེས་སྡིག་སྤྱོད་སྲོག་ནི་གཅོད་པར༌བྱེད། །དྲང་པོར་སྡང་མཁན་ཉེས་ཅན་དུ་བརྩི༌འོ།། 22 ཡ་ཝཱེས་ཉིད་ཀྱི་ཞབས་ཕྱིའི་སྲོག་སྐྱོབ༌ཅིང༌། །ཁོང་ལ་སྐྱབས་སུ་འགྲོ་ཀུན་ཉེས་མེད༌བརྩི།།