གསུང་མགུར་སོ་གཉིས༌པ།
འགྱོད་བཤགས་དང་སྡིག་བསལ།
1 ༼དཱ་བིད་ཀྱི་བསླབ་བྱའི་མགུར༌མ།༽ གང་གི་ཉེས་པ་བསལ་བས་བྱིན་རླབས༌ཆེ། །གང་གི་སྡིག་པ་བཀབ་པས་མི་དེ༌བདེ།།
2 སེམས་སུ་གཡོ་སྒྱུ་མེད་ཅིང་ཡ་ཝཱེ༌ཡིས། །སྡིག་པ་ཅན་དུ་མི་བརྩི་བ་དེ༌བདེ།།
3 བདག་གིས་སྡིག་པ་ཁས་ལེན་མི་བྱེད༌པར། །ཁ་རོག་འདུག་དུས་ཉིན་གང་འཁུན་སྒྲ༌འབྱིན། །སྡུག་བསྔལ་ཆེ་བས་རུས་ཟུངས་ཡོངས་སུ༌ཤོར།།
4 ཁྱེད་ཕྱག་ངའི་སྟེང་ཉིན་མཚན་ཀུན་ཏུ༌མནན། །བདག་ནི་སྟོབས་ཟད་དབྱར་གྱི་ཐན་པ༌བཞིན།།༼ སེ༌ལཱ། ༽
5 བདག་གིས་སྦ་གསང་ཅི་ཡང་མེད་པའི༌ངང༌། །སྡིག་པ་ཐམས་ཅད་མཐོལ་ནས་འདི་ལྟར༌དུ། །ཡ་ཝཱེར་ཉེས་སྐྱོན་ཁས་ལེན་བྱ་ཞེས༌སྨྲས། །ཁྱེད་ཀྱིས་བདག་གི་སྡིག་པའི་མཇུག་འབྲས༌བསལ།། ༼ སེ༌ལཱ། ༽
6 དེའི་ཕྱིར་དད་གུས་ཅན་གྱིས་རྩེ་གཅིག༌གིས། །ཁྱེད་རྙེད་ཐུབ་དུས་གསོལ་བ་འདེབས་པར༌སྨོན། །ཆུ་ལོག་ཆེན་པོ་འོང་བའི་དུས་དེ༌ལ། །དེ་ནི་ཁོ་ཡི་གམ་དུ་བཞུར་མི༌སྲིད།།
7 ཁྱེད་ནི་བདག་གི་སྦས་ས་ཡིན་པ༌དང༌། །ཁྱེད་ཀྱིས་ང་རང་དཀའ་སྡུག་རྣམས་ལས༌བསྲུང༌། །ཐར་པའི་མགུར་མས་ཕྱོགས་བཞིར་ང་རང༌བསྐོར།།༼ སེ༌ལཱ། ༽
8 ང་ཡིས་ཁྱོད་ལ་བསླབ་བྱ་སྦྱིན་པ༌དང༌། །འགྲུལ་བར་འོས་པའི་ལམ་ཡང་སྟོན་པར༌བྱ། །བལྟ་སྐྱོང་བྱེད་ཅིང་གྲོས་ཀྱང་འདེབས༌པ་འོ།།
9 གོ་མེད་རྟ་དྲེལ་བཞིན་དུ་མ་གྱུར༌ཅིག །དེ་རྣམས་སྲབ་མཐུར་བསྐོན་ནས་འདུལ་དགོས༌ཤིང༌། །དེ་བཞིན་མ་བྱས་ཉེ་བར་བཏུད་པ༌མིན།།
10 སྡིག་སྤྱོད་ཅན་ལ་སྡུག་བསྔལ་མང་དུ༌འབྱུང༌། །འོན་ཀྱང་ཡ་ཝཱེར་སྐྱབས་སུ་འགྲོ་བ༌རྣམས། །བྱམས་བརྩེ་ཆེན་པོས་ངེས་པར་མཐའ་ནས༌བསྐོར།།
11 གཞུང་དྲང་ཡ་ཝཱེར་བརྟེན་ནས་དགའ་བར༌གྱིས། །ཡིད་སེམས་དྲང་བ་རྣམས་ཀྱིས་ཀི་སྒྲ༌སྒྲོགས།།