གསུང་མགུར་ཉེར་བརྒྱད༌པ།
དཀོན་མཆོག་ཡ་ཝཱེའི་རོགས་རམ་འཚོལ་བ།
༼དཱ་བིད་ཀྱི་མགུར༌མ།༽ ཀྱེ་ཀྱེ་ཡ་ཝཱེ་ཁྱེད་ལ་འོ་དོད༌འབོད། །ང་ཡི་བྲག་རྡོ་ང་ལ་གསན་པར༌མཛོད། །གལ་ཏེ་ཁྱེད་ཉིད་ཞལ་རོག་བཞུགས་གྱུར༌ན། །ང་ནི་དུར་དུ་སྦས་པའི་མི་དང༌མཚུངས།། བདག་གིས་ཁྱེད་ལ་འོ་དོད་འབོད་པ༌དང༌། །དམ་མཆོག་གནས་ཕྱོགས་ལག་པ་འདེགས་དུས༌སུ། །ཞུ་བ་འབུལ་བའི་སྐད་ལ་གསན་པར༌ཞུ།། མི་ངན་སྡིག་སྤྱོད་མཉམ་དུ་ང་མ༌འདྲུད། །ཁྱིམ་མཚེས་རྣམས་ལ་དེ་ཚོས་ཚིག་འཇམ༌སྨྲ། །འོན་ཀྱང་སེམས་སུ་བསམ་ངན་བཅངས་ནས༌ཡོད།། དེ་ཚོའི་ལས་དང་སྤྱད་པའི་དོན་ངན༌དང༌། །ལག་པས་ཅི་བྱས་བཞིན་དུ་ལན་གནང༌རོགས། །འོས་ཤིང་འཚམ་པའི་ལས་འབྲས་དེ་ཚོར༌གནོངས།། དེ་ཚོས་ཡ་ཝཱེ་ཁོང་གི་མཛད་འཕྲིན༌དང༌། །ཕྱག་ལས་རྣམས་ལ་དོ་སྣང་མི་བྱེད༌པས། །ཁོང་གིས་དེ་རྣམས་བརླག་ཅིང་བསླང་མི༌བྱ།། ཡ་ཝཱེ་ཁོང་ཉིད་བསྟོད་པར་འོས་པ༌སྟེ། །ཁོང་གིས་ང་ཡི་ཞུ་བར་གསན་པས༌སོ།། ཡ་ཝཱེ་བདག་གི་སྟོབས་དང་ཕུབ་ཡིན༌ཏེ། །ངའི་སེམས་ཁོང་ལ་བརྟེན་ནས་སྐྱབས་མཛད༌པས། །ང་ཡི་ཡིད་སེམས་དགའ་བ་འབུམ་གྱིས༌མཉེས། །མགུར་མ་དང་བཅས་ཁོང་ལ་བསྟོད་བསྔགས༌འབུལ།། ཡ་ཝཱེ་འབངས་མི་རྣམས་ཀྱི་སྟོབས་ཡིན༌ཞིང༌། །ཉིད་ཀྱིས་བྱུགས་པར་མཛད་པའི་ཐར་པའི༌རྫོང༌།། ཁྱེད་ཀྱིས་ཉིད་ཀྱི་འབངས་མི་སྐྱོབ་པ༌དང༌། །ཁྱེད་ཀྱི་ནོར་སྐལ་ལ་ནི་བྱིན་གྱིས༌རློབས། །དེ་རྣམས་རྟག་ཏུ་སྐྱོང་ཞིང་འཁུར་དུ༌གསོལ།།