གསུང་མགུར་བཅོ་བརྒྱད༌པ།
དཱ་བིད་རྣམ་པར་རྒྱལ་བའི་མགུར་མ།
༼དབུ་མཛད་ལ་སྤྲད་པའི་དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་དཱ་བིད་ཀྱི་མགུར་མ༌སྟེ། དཀོན་མཆོག་ཡ་ཝཱེས་ཁོང་སོ་ལོ་དང་དགྲ་བོ་ཐམས་ཅད་ཀྱི་ལག་ནས་བསྐྱབས་པའི་ཉིན༌མོར། ཁོང་གིས་དཀོན་མཆོག་ཡ་ཝཱེ་ལ་མགུར་འདིའི་ཚིག་རྣམས་ཞུས༌པ།༽ ཀྱེ་ཀྱེ་ཡ་ཝཱེ་ང་ཡི་སྟོབས་ཤུགས༌ལགས། །ང་ཡིས་ཁྱེད་ཉིད་གཅེས་སུ་འཛིན་པ༌འོ།། ང་ཡི་བྲག་རྡོ་དང་ནི་རི་རྫོང༌དང༌། །ང་ཡི་སྲོག་སྐྱོབ་ཡ་ཝཱེ་ཁོང་ཉིད༌ཡིན། །ང་ཡི་དཀོན་མཆོག་བདག་གི་ཕ་བོང༌ལགས། །ཁོང་ནི་ང་རང་སྐྱབས་སུ་འགྲོ་ས༌ཡིན། །ང་ཡི་ཕུབ་དང་ཐར་པའི་རྭ་དུང་ *དང༌། །བདག་གི་བཙན་རྫོང་ཡང་ནི་ཁོང་ལགས༌སོ།། བསྟོད་པར་འོས་པའི་ཡ་ཝཱེ་ང་ཡིས༌འབོད། །དེ་ནས་ང་རང་དགྲ་བོ་ཀུན་ལས༌ཐར།། འཆི་བའི་ཐག་པས་ང་ནི་བཅིངས་པ༌དང༌། །འཇོམས་བྱེད་དྲག་བཞུར་ཆུ་བོས་ང་རང༌བསྣུབས།། གཤིན་པོའི་ཡུལ་གྱི་ཐག་པས་བདག་ནི༌འཁྲིས། །འཆི་བའི་རྙི་རྒྱ་ང་ཡི་སྟེང་དུ༌བབས།། དཀའ་སྡུག་མྱོང་དུས་བདག་གིས་ཡ་ཝཱེ༌བོས། །རང་གི་དཀོན་མཆོག་ཉིད་ལ་ཆོ་ངེ༌བཏོན། །མཆོད་ཁང་ནང་དུ་བདག་གི་སྐད་གསན༌ཅིང༌། །ཁོང་དྲུང་བོས་པའི་འོ་དོད་སྙན་དུ༌ཆུད།། དེའི་དུས་ས་གཞི་འགུལ་ཞིང་འདར་བ༌དང༌། །རི་བོ་དག་གི་རྩ་བ་གཡོས་པ༌སྟེ། །ཡ་ཝཱེ་ཁོང་ཉིད་ཁྲོས་པའི་རྐྱེན་ལས༌བྱུང༌།། ཁོང་གི་ཤངས་ནས་དུ་བ་སྟུག་པོ༌འཕྱུར། །ཁོང་གི་ཞལ་ལས་འཇོམས་བྱེད་མེ་དཔུང་འབར། །ཐ་ན་སོལ་བ་ཡང་ནི་མེ་ལ༌སྦར།། ཁོང་གིས་ནམ་མཁའ་དཔྱངས་ནས་མར་ཕེབས༌ཤིང༌། །ཁོང་གི་ཞབས་འོག་སྤྲིན་ནག་སྟུག་པོ༌འཁྲིགས།། 10 ཁོང་ཉིད་ཀེ་རུབ་ཅིག་ལ་བཅིབས་ནས༌འཕུར། །རླུང་གི་གཤོག་པར་བརྟེན་ནས་ནམ་འཕང༌བཅད།། 11 ཁོང་གིས་སྨག་རུམ་ཉིད་ཀྱི་ཡིབ་ས༌བྱས། །ཆར་སྤྲིན་ནག་པོ་ཕྱོགས་བཞིའི་ཡོལ་བར༌མཛད།། 12 ཁོང་གི་ཞལ་ངོའི་མདངས་ཀྱིས་སྤྲིན་ནག༌ཁྲོད། །སེར་བ་དང་ནི་སོལ་མེ་ཐོན་བྱུང༌ངོ༌།། 13 ཡ་ཝཱེས་ནམ་མཁར་འབྲུག་སྒྲ་ལྡིར་དུ༌བཅུག །བླ་ན་མེད་པ་ཁོང་གི་གསུང་སྐད༌ཀྱིས། །སེར་བ་དང་ནི་སོལ་མེ་བྱུང་བ༌འོ།། 14 མདའ་མོ་འཕངས་ནས་དགྲ་རྣམས་ཕྱོགས་བཞིར༌གཏོར། །གློག་དམར་ཡང་ཡང་འཁྱུགས་ནས་དེ་རྣམས༌བཅོམ།། 15 ཀྱེ་ཀྱེ་ཡ་ཝཱེས་བཀའ་བཀྱོན་གནང་བ༌དང༌། །ཁྱེད་ཀྱི་ཤངས་ལས་ཐོན་པའི་དབུགས་གཅིག༌གིས། །རྒྱ་མཚོའི་མཐིལ་དང་ས་གཞིའི་རྨང་ཡང༌ཕྱུང༌།། 16 སྟེང་ནས་ཕྱག་ཟུང་བརྐྱངས་ཏེ་ང་ནི༌ཟིན། །གཏིང་ཟབ་ཆུ་ལས་ང་རང་ཡར་དྲངས༌སོ།། 17 ཁོང་གིས་ང་ནི་དགྲ་བོ་སྟོབས་ཆེན༌དང༌། །ང་ལ་སྡང་བ་རྣམས་ལས་བསྐྱབས་པ༌སྟེ། །རྒྱུ་མཚན་དེ་རྣམས་ང་ལས་སྟོབས་ཆེ༌འོ།། 18 ཆག་སྒོའི་ཉིན་མོར་ཁོ་རྣམས་ང་ལ༌རུབས། །འོན་ཀྱང་ཡ་ཝཱེ་བདག་གི་སྐྱབས་གནས༌ཡིན།། 19 ཁོང་གིས་ང་རང་ས་ཁོད་ཡངས་སར༌ཁྲིད། །ཁོང་ནི་བདག་ལ་མཉེས་པས་བདག་ནི༌བསྐྱབས།། 20 བདག་གི་དྲང་བདེན་བཞིན་དུ་གསོལ་རས་བསྩལ། །ལག་པ་གཙང་བ་ལྟར་དུ་ཨ་ལན་གནང་། ། 21 རྒྱུ་མཚན་བདག་གིས་ཡ་ཝཱེའི་ལམ་རྣམས༌བསྲུངས། །ངན་པར་སྤྱད་ནས་དཀོན་མཆོག་བསྐྱུར་པ༌མེད།། 22 ཁོང་གི་ཁྲིམས་སྲོལ་ཐམས་ཅད་ངའི་མདུན༌མཆིས། །ཁོང་གི་སྒྲིག་ཁྲིམས་ནམ་ཡང་སྤངས་པ༌མིན།། 23 ཁོང་གི་ཞལ་དྲུང་ང་རང་སྐྱོན་དང༌བྲལ། །རང་ཉིད་ཉེས་སྐྱོན་རྣམས་ལས་བསྲུངས་པ༌ཡིན།། 24 དེ་བས་ཡ་ཝཱེས་ང་ཡི་དྲང་བདེན༌དང༌། །ཁོང་གི་སྤྱན་སྔར་ལག་པ་གཙང་བ༌བཞིན། །དེ་དང་མཐུན་པའི་གསོལ་རས་ང་ལ༌གནང༌།། 25 བྱམས་བརྩེ་ཅན་ལ་ཁྱེད་ཀྱིས་བྱམས་བརྩེས༌སྐྱོང་། །ཉེས་མེད་མི་ལ་ཁྱེད་རང་ཕུལ་བྱུང་ལགས།། 26 དྭངས་གཙང་མི་ལ་ཁྱེད་ཀྱིས་རྣམ་དག༌མངོན། །གཡོ་སྒྱུ་ཅན་ལ་ཁྱེད་ཀྱིས་མཁས་མཛངས་སྤྱོད།། 27 ཉམ་ཐག་མི་རྣམས་ཁྱེད་ཀྱིས་སྐྱོབ་ངེས༌ཤིང༌། །དྲེགས་ཉམས་ལྡན་པའི་མིག་རྣམས་དམའ་སར༌དབབ།། 28 ཀྱེ་ཀྱེ་ང་ཡི་དཀོན་མཆོག༌ཡ་ཝཱེ་ཡིས། །ང་ཡི་སྒྲོན་མེ་སྦར་ཞིང་མུན་པ༌སེལ།། 29 ཁྱེད་ལ་བརྟེན་ནས་དགྲ་བོའི་དམག་དཔུང་གཏོར། །དཀོན་མཆོག་མཉམ་དུ་ལྕགས་རིར་རྒྱང་མཆོང༌བྱེད།། 30 དཀོན་མཆོག་ཁོང་གི་ལམ་ནི་རྣམ་དག༌ཡིན། །ཡ་ཝཱེའི་བཀའ་ནི་དྲི་མ་མེད་པ༌ལགས། །སྐྱབས་བཅོལ་རྣམས་ཀྱི་ཕུབ་ནི་ཁོང་ཉིད༌ཡིན།། 31 ཡ་ཝཱེ་མ་གཏོགས་དཀོན་མཆོག་གཞན་སུ༌ཡོད། །དཀོན་མཆོག་ལས་གཞན་བྲག་རྡོ་སུ་ཡིན༌ནམ།། 32 ཁོང་གིས་སྟོབས་ཀྱི་སྐ་རགས་ང་ལ༌འཆིང༌། །བདག་གི་སྤྱོད་ལམ་ཕུལ་དུ་བྱུང་བར༌མཛད།། 33 ཁོང་གིས་བདག་ལ་ཤྭ་མོའི་བདེ་མྱུར༌བསྩལ། །མཐོན་པོའི་གནས་སུ་བརྟན་པོར་ཚུགས་པར༌མཛད།། 34 འཐབ་མོ་འགྱེད་ལུགས་བདག་གི་ལག་པར༌བསླབ། །དཔུང་པས་ལི་གཞུ་འགུག་ཀྱང་ནུས་པར༌མཛད།། 35 ཁྱེད་ཀྱི་ཐར་པའི་ཕུབ་ནི་ང་ལ༌གནང༌། །ཉིད་ཀྱི་ཕྱག་གཡས་ཀྱིས་ནི་ང་རང༌སྐྱོར། །ཁྱེད་ཀྱི་ཞི་བས་ང་ནི་ཆེན་པོར༌མཛད།། 36 གོམ་པ་སྤོ་སའི་ལམ་ནི་ཡངས་པར༌མཛད། །བདག་གི་རྐང་པ་ནམ་ཡང་འདྲེད་མ༌གྱུར།། 37 བདག་གིས་དགྲ་རྣམས་དེད་ནས་ཟིན་པ༌དང༌། །ཚར་གཅོད་བྱེད་པའི་བར་དུ་ཕྱིར་མ༌ལོག། 38 ཁོ་རྣམས་ཤིན་ཏུ་རྨས་ཏེ་ལང་མི༌ནུས། །ཐམས་ཅད་བདག་གི་རྐང་འོག་འགྱེལ་བ༌ཡིན།། 39 འཐབ་ཕྱིར་ང་ལ་སྟོབས་ཀྱི་སྐ་རགས༌བཅིངས། །དགྲ་རུ་ལང་མཁན་ང་ཡི་རྐང་འོག༌བཅུག། 40 དགྲ་རྣམས་ང་ཡི་མདུན་ནས་འབྲོ་མཛད་པས། །ང་ལ་སྡང་བའི་མི་རྣམས་བཅོམ་པ་ཡིན།། 41 དེ་ཚོས་ཆོ་ངེ་བཏོན་ཡང་སྐྱོབ་མཁན༌མེད། །ཡ་ཝཱེ་བོས་ཀྱང་ཁོང་གིས་ལན་མ༌གནང༌།། 42 རླུང་ཁའི་རྡུལ་བཞིན་དེ་རྣམས་ངས་བཏགས༌ཤིང༌། །ལམ་ཁའི་འདམ་རྫབ་ལྟར་དུ་ཕྱི་རུ༌གཡུགས།། 43 མི་སྡེའི་འཐབ་རྩོད་ལས་ང་ཁྱེད་ཀྱིས༌བསྐྱབས། །མི་རིགས་རྣམས་ཀྱི་མགོན་དུ་ང་རང་མཛད། །རྒྱུས་མེད་མི་སྡེས་ང་ལ་ཞབས་ཕྱི༌སྒྲུབ།། 44 ཐོས་པ་ཙམ་གྱིས་དེ་ཚོས་ང་ཉན༌ཞིང་། །མཐའ་མི་རྣམས་ནི་ང་ཡི་མདུན་དུ༌འཁུམས།། 45 ཁོ་རྣམས་ཐམས་ཅད་ཉམས་རྒུད་དུ་གྱུར༌ཅིང༌། །སྐྲག་ནས་འདར་གྱིན་བཙན་རྫོང་དག་ནས༌ཐོན།། 46 ཡ་ཝཱེ་ཁོང་ཉིད་གཏན་དུ་གསོན་པོར༌བཞུགས། །ང་ཡི་བྲག་རྡོ་བསྟོད་པར་འོས་སོ༌ལོ། །ང་ཡི་སྲོག་སྐྱོབ་ལགས་པའི་དཀོན་མཆོག༌ནི། །ཁོང་ལ་བཀུར་བསྟི་འབྱུང་བར་གྱུར་ཅིག་ཨང་།། 47 དཀོན་མཆོག་ང་ཡི་དགྲ་ཤ་ལེན་མཁན༌ཡིན། །མི་སྡེ་རྣམས་ནི་ང་ཡི་དབང་དུ༌བཀོད།། 48 ཁོང་གིས་ང་རང་དགྲ་ལས་ཐར་བར༌མཛད། །བདག་གི་དགྲ་ཟླ་རྣམས་ལས་ཁྱེད་ཀྱིས༌བཏེགས། །གདུག་རྩུབ་ཅན་ལས་ང་ནི་བསྐྱབས་པ༌འོ།། 49 ཀྱེ་ཀྱེ་ཡ་ཝཱེ་དེའི་ཕྱིར་བདག་གིས༌ནི། །མི་རིགས་རྣམས་ཀྱི་དཀྱིལ་ནས་ཁྱེད་ལ༌བསྔགས། །ཁྱེད་ཀྱི་མཚན་ལ་བསྟོད་པའི་མགུར་མ༌འབུལ།། 50 ཡ་ཝཱེས་མཆོག་ཏུ་གྱུར་པའི་ཐར་པ༌ནི། །ཁོང་གིས་བསྐོས་པའི་རྒྱལ་པོར་གནང་བ༌དང༌། །སྣུམ་གྱིས་བྱུགས་པར་བྱམས་བརྩེ་དཔག་མེད༌མཛད། །དཱ་བིད་དང་ནི་ཁོང་གི་བུ་རྒྱུད༌རྣམས། །རྒྱུན་ནས་རྒྱུན་དུ་བྱམས་བརྩེས་སྐྱོང་བ༌འོ།།
* གསུང་མགུར་བཅོ་བརྒྱད༌པ།:2 འདིར་རྭ་དུང་ཞེས་པ་ནི་དཀོན་མཆོག་ཡ་ཝཱེའི་མཐུ་སྟོབས་ལ་གོ་བ༌ཡིན། གསུང་མགུར་བཅོ་བརྒྱད༌པ།:10 ཀེ་རུབ་ཅེས་པ་ནི་དཀོན་མཆོག་གི་ཕོ་ཉའི་རིགས་སུ་གཏོགས་པ་དང་ནུས་པ་ཁྱད་པར་ཅན་ཞིག༌ཡིན།