གསུང་མགུར་བརྒྱ་དང་བཞི་བཅུ༌པ།
ངན་པའི་ལྐོག་གཡོ་ལས་སྐྱོབ་པར་ཞུ་བ།
༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ མི་ངན་ལས་ང་སྐྱོབས་ཤིག་ཀྱེ་ཡ༌ཝཱེ། །གདུག་རྩུབ་ཅན་ལས་ང་རང་བསྲུང་བར༌མཛོད།། དེ་ཚོས་སེམས་ནས་བྱུས་ངན་རྩོམ་པ༌དང༌། །འཐབ་ཕྱིར་དེ་རྣམས་རྟག་པར་འཚོགས་པ༌ཡིན།། སྦྲུལ་ལྟར་དེ་ཚོས་རང་ལྕེ་རྣོན་པོ༌བྱེད། །མཆུ་སྒྲོས་འོག་ཏུ་སྦྲུལ་གྱི་དུག་རླངས༌འདུག།༼ སེ༌ལཱ། ༽ སྡིག་སྤྱོད་ལག་ནས་བདག་སྐྱོབས་ཀྱེ་ཡ༌ཝཱེ། །གདུག་རྩུབ་ཅན་ལས་ཕྲན་ཆུང་བསྲུང་བར༌མཛོད། །དེ་ཚོས་ང་རང་ས་རུ་བསྒྱེལ་བར༌དམིགས།། རང་རློམ་ཅན་ཚོས་རྙི་དང་ཐག་པ༌རྣམས། །བདག་གི་ཆེད་དུ་སྦས་ནས་བཞག་ཡོད༌དེ། །ལམ་གྱི་ཟུར་དུ་དེ་ཚོས་རྙི་རྒྱ༌བཙུགས། །ངའི་ཆེད་དེ་ཚོས་ཞགས་པ་བཀྲམས་ནས༌ཡོད།།༼ སེ༌ལཱ། ༽ ཁྱེད་ངའི་དཀོན་མཆོག་ལགས་ཞེས་ཡ་ཝཱེར༌གསོལ། །ང་ཡི་ཞུ་འབོད་ལ་ནི་གསན་རོགས༌མཛོད།། གཙོ་བོ་ཡ་ཝཱེ་ང་ཡི་སྐྱབས་ཀྱི༌སྟོབས། །འཐབ་མོའི་དུས་སུ་ང་ཡི་མགོ་བཀབ༌བྱུང༌།། སྡིག་སྤྱོད་འདོད་ལ་མ་བསྟུན་ཀྱེ་ཡ༌ཝཱེ། །དེ་རྣམས་བྱུས་ངན་བསྒྲུབ་པར་མི་གནང༌རོགས། །བསྒྲུབས་ན་དེ་རྣམས་ང་རྒྱལ་སྐྱེ་ཡང༌སྲིད།།༼ སེ༌ལཱ། ༽ ང་རང་མཐའ་ནས་བསྐོར་བའི་མི་རྣམས༌ནི། །རང་ཁའི་བྱུས་ངན་སོ་སོའི་མགོར་འབབ་ཤོག། 10 དེ་ཚོའི་ཐོག་ཏུ་སོལ་མེ་འབབ་པ༌དང༌། །དེ་ཚོ་མེ་ཡི་ནང་དུ་བསྐྱུར་བར༌ཤོག །ཕྱིར་ལངས་མེད་པར་དོང་ནང་གཡུག་གྱུར༌ཅིག། 11 གཏམ་ངན་སྨྲ་བ་ས་གཞིར་ཚུགས་མི༌ཐུབ། །རྐྱེན་ངན་གྱིས་ནི་གཏུམ་པོ་འདེད་ཅིང༌བརྡབ།། 12 ཡ་ཝཱེས་དཀའ་ངལ་ཅན་ལ་དྲང་གཞག༌སྐྱོང༌། །དབུལ་པོའི་ཁ་མཆུ་རྩོད་པ་ང་ཡིས༌ཤེས།། 13 དྲང་པོས་ཁྱེད་ཀྱི་མཚན་ལ་གཏང་རག༌འབུལ། །གཞུང་དྲང་ཁྱེད་ཀྱི་དྲུང་དུ་གནས་པར༌འགྱུར།།