གསུང་མགུར་བརྒྱ་དང་བཅུ།
དཀོན་མཆོག་ཡ་ཝཱེ་དང་ཁོང་གིས་བདམས་པའི་རྒྱལ་པོ།
༼དཱ་བིད་ཀྱི་གསུང༌མགུར།༽ ཡ་ཝཱེས་ང་ཡི་གཙོ་བོར་འདི་སྐད༌དུ། །བདག་གིས་ཁྱོད་ཀྱི་བསྟན་དགྲ་ཐམས་ཅད༌ཀུན། །ཁྱོད་ཀྱི་ཞབས་ཀྱི་སྟེགས་སུ་བསྒྱུར་བའི༌བར། །ཁྱོད་རང་བདག་གི་གཡས་སུ་བཞུགས་ཞེས་གསུངས།། ཡ་ཝཱེས་ཁྱེད་ལ་ཛ་ཡན་ཡུལ་ནས༌ནི། །སྟོབས་ཀྱི་འཁར་བ་བརྐྱང་བར་མཛད་པས༌ན། །ཁྱེད་ཀྱིས་དགྲ་རྣམས་དཀྱིལ་དུ་རྒྱལ་སྲིད༌སྐྱོང༌།། ཁྱེད་ཀྱིས་དམག་འཁྲུག་རྒྱག་པའི་ཉིན་མོ༌ལ། །ཉིད་ཀྱི་མི་སྡེ་མོས་ཤིང་ཁྱེད་རྗེས༌འབྲང༌། །གཞོན་ནུ་རྣམས་ཀྱིས་དམ་པ་རྒྱན་དུ༌གྱོན། །ཞོགས་པའི་ཟིལ་པ་བཞིན་དུ་ཁྱེད་དྲུང༌བསླེབ།། མཆོད་དཔོན་མཱལ་ཀི་ཚེ་དེག་རིམ་པ༌བཞིན། །ཁྱེད་ནི་ཇི་སྲིད་བར་དུ་མཆོད་དཔོན༌ཡིན། །ཡ་ཝཱེས་དེ་སྐད་འགྱོད་མེད་དབུ་མནའ༌བཞེས།། གཙོ་བོ་ཁྱེད་ཀྱི་གཡས་སུ་བཞུགས་པ༌དང༌། །ཐུགས་ཁྲོའི་ཉིན་མོར་རྒྱལ་པོ་རྣམས་འཇོམས་སོ།། ཁོང་གིས་མི་རིགས་རྣམས་ལ་ཁྲིམས་ཐག༌གཅོད། །ག་ས་གང་དུ་བམ་རོས་ཁེབས་འགྱུར༌ཞིང༌། །ས་གཞི་ཡོངས་ཀྱི་འགོ་དཔོན་ཚར་གཅོད༌མཛད།། རྒྱལ་པོས་ལམ་ཁའི་རྒྱུག་ཆུ་འཐུང་བས༌ན། །ཁོང་གི་མགོ་འཕང་མཐོ་རུ་འདེགས་པར༌འགྱུར།།