གསུང་མགུར་བརྒྱ་དང་དྲུག
དཀོན་མཆོག་གིས་ཁོང་གི་མི་རྣམས་དྲིན་གྱིས་བསྐྱངས་པ།
ཁྱོད་ཚོས་ཡ་ཝཱེར་བསྟོད་པར་གྱིས་ཤིག༌ཨང༌། །ཡ་ཝཱེ་ལེགས་པས་ཁོང་ལ་གཏང་རག༌ཕུལ། །ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ༌གནས།། ཡ་ཝཱེའི་མཐུ་ལྡན་ཕྱག་ལས་སུས་བརྗོད༌ནུས། །ཡང་ན་བསྟོད་པ་ཁ་ཚང་སུས་འབུལ༌ཐུབ།། སུ་ཡིས་དྲང་གཞག་སྐྱོང་ཞིང་དུས་རྟག༌ཏུ། །དྲང་བདེན་བཞིན་དུ་སྤྱོད་པའི་མི་དེ༌བདེ།། ཁྱེད་ཀྱི་འབངས་མི་དྲིན་གྱིས་སྐྱོང་དུས༌སུ། །ང་ཡང་ཐུགས་སུ་འཛིན་རོགས་ཀྱེ་ཡ༌ཝཱེ། །ཁོ་རྣམས་སྐྱོབ་དུས་ང་ཡང་གཟིགས་པར༌མཛོད།། ཁྱེད་ཀྱིས་བདམས་པ་རྣམས་ཀྱི་བྱིན་རླབས༌མཐོང༌། །ཁྱེད་ཀྱི་འབངས་མིའི་དགའ་སྐྱིད་དཔལ་ལ༌རོལ། །ཁྱེད་ཀྱི་ནོར་སྐལ་མཉམ་དུ་བསྟོད་པ༌འབུལ།། ངེད་དང་མེས་པོ་ཀུན་གྱིས་སྡིག་པ༌བྱས། །ཉེས་པ་བསགས་ཤིང་ངན་པར་སྤྱད་པ༌ཡིན།། ཨེ་ཅིབ་ཡུལ་དུ་རང་རེའི་མེས་པོ༌རྣམས། །ཁྱེད་ཀྱི་ངོ་མཚར་དོན་རྣམས་རྟོགས་པ༌མེད། །ཁྱེད་ཀྱི་དཔག་མེད་བྱམས་བརྩེ་མ་དྲན༌ཞིང༌། །རྒྱ་མཚོ་དམར་པོའི་འགྲམ་ནས་ངོ་ལོག༌བྱས།། འོན་ཀྱང་ཁོང་གིས་ནུས་མཐུ་སྟོན་པ༌དང༌། །མཚན་གྱི་ཕྱིར་དུ་དེ་རྣམས་ཐར་བར༌མཛད།། རྒྱ་མཚོ་དམར་པོར་བཀྱོན་ནས་མཚོ་ཡང༌བསྐམས། །དེ་རྣམས་ཁྲིད་དེ་ཐང་སྟོང་བརྒྱུད་པ༌བཞིན། །མཚོ་ཡི་གཞུང་རྣམས་བརྒལ་ནས་ཕེབས་པ༌ཡིན།། 10 དེ་ཚོར་སྡང་བ་རྣམས་ཀྱི་ལག་ནས༌བསྒྲལ། །དགྲ་བོའི་ལག་ནས་ཁོ་རྣམས་སྐྱོབ་པར༌མཛད།། 11 དེ་ནས་ཁོ་ཚོའི་དགྲ་རྣམས་ཆུ་ཡིས༌བསྣུབས། །ཤུལ་དུ་ལུས་པ་གཅིག་ཀྱང་ཡོད་མ༌ཡིན།། 12 དེ་ནས་ཁོ་རྣམས་ཁོང་གི་གསུང་ལ༌དད། །མགུར་གླུ་བླངས་ནས་ཁོང་ལ་བསྟོད་པ༌ཕུལ།། 13 འོན་ཀྱང་དུས་ཡུན་རིང་པོ་མ་འགོར༌བར། །དེ་ཚོས་ཁོང་གི་འཕྲིན་ལས་བརྗེད་གྱུར༌ཅིང༌། །ཁོང་གི་སློབ་སྟོན་ལ་ནི་མ་སྒུག༌པར།། 14 འདོད་པ་ཚད་མེད་དབེན་སྟོང་དུ་སྐྱེས༌ཏེ། །མྱ་ངམ་ཐང་དུ་དཀོན་མཆོག་ཐུགས་ཀྱང༌སད།། 15 དེའི་ཕྱིར་ཁོ་ཚོའི་ཞུ་བ་བཞིན་དུ༌གནང༌། །འོན་ཀྱང་ཁོ་ཚོའི་སྟེང་དུ་ནད་ཡམས༌ཕབ།། 16 དེ་ཚོས་སྒར་གྱི་ནང་དུ་མོ་ཤེ༌དང༌། །ཡ་ཝཱེའི་སྐྱེས་བུ་དམ་པ་ཨ་རོན༌ཏེ། །ཁོང་གཉིས་ལ་ནི་ཕྲག་དོག་བྱས་པ༌འོ།། 17 ས་ཡིས་ཁ་གདངས་དཱ་ཐན་ཁྱུར་མིད༌བཏང༌། །ཨ་བི་རཱམ་གྱི་ཕྱོགས་རྣམས་སས་བསྣུབས༌སོ།། 18 དེ་ཚོའི་ཚོགས་ནང་མེ་ཡང་འབར་གྱུར༌ནས། །མེ་ལྕེས་སྡིག་སྤྱོད་ཅན་རྣམས་བསྲེགས་པར༌བྱས།། 19 དེ་ཚོས་ཧོ་རེབ་རི་བོར་བ་ཕྲུག་བཟོས། །བླུགས་པའི་སྐུ་ལ་བཏུད་ནས་ཕྱག་བཙལ༌ཏོ།། 20 ཁོ་ཚོས་གཟི་བརྗིད་ལྡན་པའི་དཀོན་མཆོག༌ནི། །རྩྭ་གཟན་གླང་གི་གཟུགས་སུ་བསྒྱུར་པ༌ཡིན།། 21 ཁོ་རྣམས་སྐྱོབ་པའི་དཀོན་མཆོག་བརྗེད་གྱུར༌ཏེ། །ཁོང་གིས་ཨེ་ཅིབ་ཡུལ་ནས་དོན་ཆེན༌མཛད།། 22 ཧཱམ་གྱི་ཡུལ་དུ་ངོ་མཚར་དོན་རྣམས༌མཛད། །རྒྱ་མཚོ་དམར་པོར་འཇིགས་རུང་དོན་རྣམས༌བྱས།། 23 དེའི་ཕྱིར་ཁོང་གིས་དེ་རྣམས་འཇོམས་དགོས༌གསུངས། །གལ་ཏེ་ཁོང་གིས་བདམས་པའི་མོ་ཤེ༌ནི། །ཁོང་གི་དྲུང་དུ་བར་མིར་ལངས་བསྡད༌ནས། །ཉིད་ཀྱི་ཐུགས་ཁྲོ་ཞི་བར་མ་བྱས༌ཚེ། །ཁོང་གིས་དེ་རྣམས་རྩད་ནས་བརླག་ཉེན༌ཆེ།། 24 ཁོ་ཚོས་སྐྱིད་པའི་ཡུལ་དེར་མཐོང་ཆུང༌བྱས། །ཁོང་གི་བཀའ་ལ་ཡིད་ཆེས་ཀྱང་མ༌བྱས།། 25 རང་རང་གུར་ནང་འཁང་ར་བྱས་པ༌དང༌། །ཡ་ཝཱེའི་གསུང་སྐད་ལ་ཡང་མ་མཉན༌ཏོ།། 26 དེའི་ཕྱིར་ཁོང་གིས་དེ་ཚོར་མནའ་བཞེས་ཏེ*། །ཁོ་རྣམས་དབེན་སྟོང་ཡུལ་དུ་སར་བསྒྱེལ༌ཞིང༌།། 27 ཁོ་ཚོའི་བུ་རྒྱུད་མི་རྣམས་ཁྲོད་འགྱེལ༌ནས། །ས་ཕྱོགས་ཀུན་ཏུ་ཐོར་བར་བྱ་ཞེས༌གསུངས།། 28 དེ་ཚོས་པཱ་ཨལ་ཕེ་ཨོར་སྐྱབས་སུ༌བསྟེན། །སྲོག་མེད་ལྷ་ལ་མཆོད་པའི་རྫས་རྣམས༌ཟོས།། 29 དེ་བཞིན་བྱས་ནས་ཡ་ཝཱེར་ཐུགས་ཁྲོ༌བསླངས། །དེ་དག་ནང་དུ་རིམས་ནད་ཐོན་པར༌གྱུར།། 30 དེ་དུས་ཕི་ནེ་ཧེ་ཁོང་ཡར་ལངས༌ནས། །ངན་པར་ཉེས་ཆད་བཅད་པས་རིམས་ནད༌ཆད།། 31 རྒྱུན་ནས་རྒྱུན་དུ་མི་རབས་ཐམས་ཅད༌ལ། །ལས་དེ་ཁོའི་ཕྱིར་དྲང་བདེན་དུ་བརྩིས་སོ།། 32 དེ་ཚོས་མེ་རི་བཱ་ཡི་ཆུ་འགྲམ༌དུ། །ཡང་བསྐྱར་ཡ་ཝཱེར་ཐུགས་ཁྲོ་བསླངས་པ༌དང༌། །ཐ་ན་མོ་ཤེ་ལ་ཡང་ཉེས་ཆད༌ཕོག། 33 དེ་ཚོས་དཀོན་མཆོག་ཐུགས་ལ་གྱེན་ཟློག༌བྱས། །མོ་ཤེའི་ཁ་ནས་བསམ་མེད་གཏམ་ཡང༌ཤོར།། 34 ཡ་ཝཱེས་གནང་བའི་བཀའ་བཞིན་དེ་རྣམས༌ཀྱིས། །ཕྱི་ཕྱོགས་མི་རྣམས་ཚར་དུ་མ་བཅད༌པར།། 35 དེ་རྣམས་དང་ནི་ཡོངས་སུ་འདྲེས་གྱུར༌ཏེ། །དེ་ཚོའི་ཡུལ་སྲོལ་གོམས་འདྲིས་བསླབ་པ༌དང༌།། 36 དེ་ཚོའི་སྐུ་འདྲ་རྣམས་ལ་བསྙེན་བཀུར༌ཞུས། །དེ་ནི་ཁོ་ཚོའི་རྙི་རུ་གྱུར་པ༌ཡིན།། 37 བུ་དང་བུ་མོ་གདོན་འདྲེར་མཆོད་པ༌བྱས།། 38 དེ་ཚོས་ཉེས་མེད་རྣམས་ཀྱི་ཁྲག་བཞུར༌ཏེ། །རང་གི་བུ་དང་བུ་མོའི་ཁྲག་གིས༌ནི། །ཀ་ན་ཨན་གྱི་སྐུ་ལ་མཆོད་པ༌ཕུལ། །ཁྲག་གིས་ཡུལ་ཁམས་དེ་ཡང་བཙོག་པར༌བཟོས།། 39 རང་བྱས་ལས་ཀྱིས་རང་ཉིད་བཙོག་པར༌བཟོས། །སྤྱོད་པའི་ཐད་ནས་ལོག་གཡེམ་སྤེལ་བས༌ན།། 40 ཡ་ཝཱེ་འབངས་མིའི་སྟེང་ལ་ཐུགས་ཁྲོས༌ཤིང༌། །ཉིད་ཀྱི་ནོར་སྐལ་ལ་ནི་ཞེན་ལོག༌སྟེ།། 41 ཁོ་རྣམས་ཕྱི་ཕྱོགས་མི་ཡི་ལག་ཏུ༌སྤྲད། །ཁོ་ཚོར་སྡང་བ་དག་གིས་དབང་དུ༌བསྒྱུར།། 42 དགྲ་བོས་ཁོ་ཚོར་གཉའ་གནོན་བྱས་པ༌དང༌། །ཁོ་རྣམས་དགྲ་བོའི་ལག་ཏུ་ཚུད་པ༌ཡིན།། 43 ཁོང་གིས་དེ་རྣམས་ལན་མང་ཐར་བཅུག༌ཀྱང༌། །དེ་ཚོས་བསམ་བཞིན་གྱེན་ཟློག་བྱས་པས༌ན། །རང་གི་ཉེས་པས་རང་ཉིད་དམན་སར༌ཕབ།། 44 འོན་ཀྱང་དེ་ཚོའི་ངུ་འབོད་གསན་པ༌དང༌། །ཁོང་གིས་དེ་ཚོའི་སྡུག་བསྔལ་གཟིགས་པར༌གྱུར།། 45 ཁོང་གི་ཞལ་ཆད་དེ་རྣམས་དོན་དུ༌དྲན། །དཔག་མེད་བྱམས་བརྩེ་བཞིན་དུ་ཐུགས་ཀྱང༌འགྱོད།། 46 དེ་རྣམས་བཙན་གནོན་བྱེད་མཁན་ཀུན་གྱི༌མདུན། །དེ་ཚོར་ཁོང་གི་སྙིང་རྗེ་ཐོབ་པར༌མཛད།། 47 ཁྱེད་མཚན་དམ་པར་གཏང་རག་འབུལ་བ༌དང༌། །ཁྱེད་ལ་བསྟོད་པ་གཟི་བརྗིད་དུ་བརྩི༌ཕྱིར། །ང་ཚོའི་དཀོན་མཆོག་ཡ་ཝཱེས་ངེད་རྣམས༌སྐྱོབ། །ཕྱི་ཕྱོགས་མི་རྣམས་ཁྲོད་ནས་ངེད་བསྡུ༌རོགས།། 48 ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ༌ནི། །རྒྱུན་ནས་རྒྱུན་དུ་བསྟོད་པར་འོས་སོ༌ལོ། །མི་སྡེ་ཀུན་གྱིས་ཨ་མེན་ཞུ་བར༌ཤོག །ཁྱོད་ཚོས་ཡ་ཝཱེར་བསྟོད་པར་གྱིས་ཤིག༌ཨང༌།།
* གསུང་མགུར་བརྒྱ་དང་དྲུག:26 འདིར་མནའ་བཞེས་ཏེ་ཞེས་པར་མ་ཕྱི་ལས་ཕྱག་ཡར་བཀྱགས་ནས་ཞེས་མཐོང༌སྟེ། དོན་ལ་མནའ་བཞེས་པར་འཇུག་པས་འདིར་དོན་སྒྱུར་བྱས་པ༌ཡིན། གསུང་མགུར་བརྒྱ་དང་དྲུག:33 འདིར་དེ་ཚོས་དཀོན་མཆོག་ཐུགས་ལ་གྱེན་ཟློག་བྱས་ཞེས་པ་ནང་དོན་གཞན་ལའང་འཇུག་པ་ནི་དེ་ཚོས་མོ་ཤེའི་སེམས་ཁམས་དཀྲུགས་ཞེས༌པའི་དོན་ཡིན།