ལེའུ་བཅུ་བཞི༌པ།
1 མཛངས་མས་རང་གི་ཁྱིམ་གཞིས་འཛུགས་བྱེད༌ཅིང༌། །བླུན་མོས་དངོས་སུ་རང་ཁྱིམ་བཤིག་པར༌བྱེད།།
2 དྲང་པོར་འགྲོ་བ་ཡ་ཝཱེར་གུས་ཤིང༌འཇིགས། །ལོག་པར་སྤྱོད་པས་ཁོང་ཉིད་ཁྱད་དུ༌གསོད།།
3 བླུན་པོའི་ཁ་ནས་ང་རྒྱལ་ཡལ་ག༌ཐོན། །ཤེས་རབ་ཅན་གྱི་མཆུ་ཡིས་རང་ཉིད༌བསྲུང༌།།
4 བ་གླང་མེད་སར་ཁ་ར་གཙང༌ན་ཡང༌། །ལོ་ལེགས་གླང་གི་ཤུགས་ལས་འབྱུང་བ༌ཡིན།།
5 དཔང་པོ་དྲང་པོས་རྫུན་མི༌ལབ། །རྫུན་གྱི་དཔང་པོས་རྫུན་གཏམ༌སྨྲ།།
6 འཕྱ་སྨོད་མཁན་གྱིས་ཤེས་རབ་འཚོལ་བ་དཀའ། །བློ་རིག་ཅན་ལ་ཤེས་ཡོན་རང་བཞིན༌འཐོབ།།
7 གླེན་པའི་ཁ་ནས་ཤེས་ཡོན་རྙེད་དཀའ༌བས། །ཁྱོད་རང་དེ་དང་རིང་དུ་གྱེས་ཤིག༌ཨང༌།།
8 མཛངས་པའི་རིག་པས་རང་གི་བགྲོད་ལམ༌ཤེས། །གླེན་པའི་བླུན་རྨོངས་ཀྱིས་ནི་རང་ཉིད༌བསླུ།།
9 བླུན་པོས་ཉེས་སྐྱོན་རྩེད་མོར་འཛིན་མོད༌ཀྱང༌། །དྲང་པོའི་ཁྲོད་དུ་མཛའ་མཐུན་གནས་པ༌འོ།།
10 རང་གི་དཀའ་སྡུག་རང་གི་སེམས་ཀྱིས༌ཤེས། །སེམས་ཀྱི་དགའ་སྤྲོ་ཕྱི་མིས་མྱོང་མི༌ཐུབ།།
11 ངན་པའི་ཁྱིམ་གཞིས་བརླག་པར་འགྱུར་བ༌དང༌། །དྲང་པོའི་གུར་ནི་དར་ཞིང་རྒྱས་པ༌ཡིན།།
12 ལམ་ཞིག་ཡོད་པ་དྲང་པོར༌སྣང༌ན་ཡང་། །མཐའ་རུ་སླེབ་དུས་དེ་ནི་འཆི་ལམ༌ཡིན།།
13 དགོད་སྒྲ་སྒྲོག་པའི་སེམས་ལ་སྡུག་བསྔལ༌ཡོད། །དགའ་སྤྲོའི་མཐའ་མ་སྐྱོ་གདུང་ཡིན་ཡང༌སྲིད།།
14 སེམས་ནས་ཕྱིན་ཅི་ལོག་པའི་མི་དེ༌ཡིས། །རང་གི་སྤྱོད་པའི་མཇུག་འབྲས་ཚད་མེད༌མྱོང༌། །བཟང་པོར་ཅི་བྱས་བཞིན་དུ་རྔན་པ༌འཐོབ།།
15 བླུན་པོ་སྨྲ་བརྗོད་ཀུན་ལ་ཡིད་ཆེས༌ཀྱང༌། །མཛངས་པས་གོམ་སྟབས་རེ་རེར་གཟབ་གཟབ༌བགྱི།།
16 ཤེས་ལྡན་འཇིགས་ཤིང་ངན་ལས་འབྱོལ་བ༌དང༌། །གླེན་པས་ང་རྒྱལ་ཁེངས་རློམ་བྱེད་པ༌འོ།།
17 ངང་རྒྱུད་ཐུང་བ་བླུན་པོའི་ལུགས་སུ༌སྤྱོད། །སེམས་ལ་ཇུས་ངན་བཅངས་པར་ཐམས་ཅད༌སྡང༌།།
18 བླུན་པོས་ཤེས་རྨོངས་ནོར་སྐལ་དུ་རྙེད༌ཅིང༌། །མཛངས་པའི་སྟེང་ལ་ཤེས་ཡོན་ཅོད་པན༌མཛེས།།
19 མི་ངན་བཟང་པོའི་མདུན་སར་མགོ་བཏུད༌ཅིང༌། །ངན་པས་དྲང་པོའི་སྒོ་ཁར་མགོ་བོ༌སྨད།།
20 དབུལ་པོར་ཁྱིམ་མཚེས་ཡིན་ཡང་ཁོ་ལ༌སྡང༌། །ཕྱུག་པོར་མཛའ་བོ་གང་མང་ཡོད་པ༌འོ།།
21 ཁྱིམ་མཚེས་ཁྱད་དུ་གསོད་པ་སྡིག་ཉེས༌ཡིན། །དབུལ་པོ་དྲིན་གྱིས་སྐྱོང་བར་བྱིན་རླབས༌འཐོབ།།
22 ཇུས་ངན་གཤོམ་པ་ལམ་ནོར་མ་ཕྱིན༌ནམ། །ཐབས་བཟང་འཚོལ་བར་བྱམས་བརྩེ་བློ་དཀར༌འཐོབ།།
23 ངལ་བའི་ལས་ཀ་ཀུན་གྱིས་ཕན་ཐོགས༌ཤིང༌། །ཁ་སྟོང་ཚིག་སྟོང་གིས་ནི་ཕོངས་པར༌བྱེད།།
24 ཤེས་ལྡན་རྒྱུ་ནོར་ཁོ་ཚོའི་ཅོད་པན༌ཡིན། །གླེན་པའི་ཤེས་རྨོངས་ནམ་ཡང་ཤེས་རྨོངས༌སོ།།
25 དཔང་པོ་བདེན་པ་བྱེད་པས་མི་སྲོག༌སྐྱོབ། །རྫུན་གཏམ་སྨྲ་བས་གཡོ་སྒྱུས་མི་ལ༌འཚེ།།
26 ཡ་ཝཱེར་གུས་ཤིང་འཇིགས་པར་བརྟེན་ས༌ཡོད། །དེ་ཡི་བུ་རྒྱུད་ལ་ཡང་སྐྱབས་གནས༌མངའ།།
27 ཡ་ཝཱེར་འཇིགས་པ་སྲོག་གི་ཆུ་མིག༌ཡིན། །མི་ནི་འཆི་བའི་རྙི་ལས་ཐར་བར༌བྱ།།
28 འབངས་མི་རྒྱས་པ་རྒྱལ་པོའི་གཟི་དཔལ༌ཡིན། །མི་སེར་ཉུང་བ་གོང་མ་ཉམས་པའི༌རྒྱུ།།
29 ངང་རྒྱུད་རིང་པོ་ཤིན་ཏུ་སྤྱང་གྲུང༌ཡིན། །ངང་རྒྱུད་ཐུང་བས་གླེན་རྟགས་ཆེན་པོ༌སྟོན།།
30 སེམས་རྒྱུད་ཞི་ཞིང་དུལ་ན་ལུས་པོ༌བདེ། །ཕྲག་དོག་གིས་ནི་རུས་ཟུངས་རྒུད་པར༌བྱ།།
31 དབུལ་པོར་གཉའ་གནོན་བྱེད་པ༌ཡིས། །དེ་ཡི་བྱེད་པོར་སྨད་པ༌དང༌། །དབུལ་པོ་དྲིན་གྱིས་སྐྱོང་བ༌ནི། །དེ་ཡི་བྱེད་པོར་བཀུར༌བ་འོ།།
32 ངན་པ་རང་གི་ཉེས་པས་ཐུར་དུ༌འདྲུད། །དྲང་པོར་འཆི་བའི་དུས་ཀྱང་བརྟེན་ས༌ཡོད།།
33 ཤེས་རབ་བློ་རིག་ཅན་གྱི་སེམས་སུ༌གནས། །གླེན་པ་རྣམས་ཀྱི་ཁྲོད་ཀྱང་གསལ་ལེར༌མངོན།།
34 དྲང་བདེན་གྱིས་ནི་རྒྱལ་ཁབ་དར་བྱེད༌མོད། །འོན་ཀྱང་སྡིག་པ་དམངས་ཀྱི་ངོ་ཚ༌ཡིན།།
35 འཁོར་གཡོག་ཤེས་རབ་ཅན་ལ་རྒྱལ་པོ༌མཉེས། །ངོ་ཚར་སྦྱོར་བ་རྣམས་ལ་ཐུགས་རྒྱུད༌ཁྲོ།།