ལེའུ་གསུམ༌པ།
བཟའ་ཟླའི་སྐོར་གྱི་བསླབ་བྱ།
1 དེ་དང་དེ་བཞིན་དུ་ཁྱོད་ཅག་ཆུང་མ་རྣམས་ཀྱིས་རང་གི་ཁྱོ་གར་བསྟུན་དགོས་སོ།། དེ་ལྟར་ཡིན་ན། དཀོན་མཆོག་གི་བཀའ་མི་བརྩི་བའི་ཁྱོ་ག་ཡོད་ཅིང་། ཁོ་རྣམས་ཀྱིས་བཀའ་ལ་མི་ཉན༌ཡང༌། ཆུང་མས་ཅི་ཡང་མི་སྨྲ་བར་རང་གི་སྤྱོད་ལམ་གྱིས་ཁྱོ་ག་ཚུར་འགུག་ཀྱང་སྲིད།
2 དེ་ནི་ཁྱོད་རྣམས་ལ་སྤྱོད་ལམ་གཙང་མ་དང་གུས་པའི་སེམས་ཡོད་པ་མཐོང་བའི་ཕྱིར༌ཡིན།
3 ཁྱོད་རྣམས་ཀྱིས་མགོའི་སྐྲ་སླས་པ་དང་། གསེར་གྱི་རྒྱན་ཆ་འདོགས༌པ། གོས་ཡག་པོ་གྱོན་པ་བཅས་ཕྱི་ཚུལ་གྱི་གཟབ་མཆོར་མི་སྤྲ་བར།
4 ཁྱོད་ཅག་གི་སེམས་ནང་དུ་འགྱུར་བ་མེད་པའི་གཤིས་འཇམ་དང་། ཞི་དུལ་གྱི་སེམས་ཡོད་པ་ནི་རྒྱན་ཆར་བརྩི་དགོས༌ཤིང༌། དེ་ནི་དཀོན་མཆོག་གི་སྤྱན་སྔར་རིན་ཐང་ཆེན་པོ་ལྡན་ནོ།།
5 ཅིའི་ཕྱིར་ཞེ་ན། གནའ་དུས་སུ་དཀོན་མཆོག་ལ་རེ་བ་བཅོལ་བའི་བུད་མེད་དམ་པ་རྣམས་ཀྱིས་ཀྱང་དེ་ལྟར་རང་ལ་བརྒྱན༌ནས་རང་གི་ཁྱོ་གར་བསྟུན་པའི་ཕྱིར་ཡིན།
6 དཔེར་ན། སཱ་ར་ཡིས་ཨབ་ར་ཧམ་གྱི་བཀའ་ལ་མཉན་ནས་ཁོང་ལ་བདག་པོ་ཞེས༌འབོད་པ་ལྟ་བུ་ཡིན། གལ་ཏེ། ཁྱོད་རྣམས་འཇིགས་སྐུལ་ལ་མི་སྐྲག་པར་ལས་བཟང་པོ་བྱེད་པ་ཡིན་ན་སཱ་རའི་བུ་མོ་ཡིན༌ནོ།།
7 དེ་དང་དེ་བཞིན་དུ། ཁྱོད་ཅག་ཁྱོ་ག་རྣམས་ཀྱང་ཤེས་རྟོགས་ལྡན་པའི་སྒོ་ནས་ཆུང་མ་ལྷན་དུ་སྡོད་དགོས་ཤིང་། ཁོ་མོ་ནི་བུད་མེད་ཡིན་པས་ཁྱོད་ལས་གཉོམ་པ་དང་། ཁྱོད་དང་མཉམ་དུ་ཚེ་སྲོག་གི་ཐུགས་རྗེ་ཐོབ་མཁན་ཡིན༌པས། ཁྱོད་ཀྱིས་ཀྱང་ཁོ་མོ་ལ་བརྩི་བཀུར་བྱ་འོས་སོ།། དེ་ལྟར་ཡིན་ན། ཁྱོད་ཅག་གི་སྨོན་ལམ་ལ་བར་ཆད་ཅི་ཡང་མི་འབྱུང་ངོ་།།
ལས་བཟང་པོ་སྒྲུབ་པའི་ཕྱིར་སྡུག་བསྔལ་མྱང་བའི༌སྐོར།
8 མདོར་བསྡུས་ན། ཁྱོད་རྣམས་ཐམས་ཅད་ཀྱིས་བསམ་པ་མཐུན་ཞིང་ཕན་ཚུན་ལ་ཤ་ཚ་བ༌དང༌། སྤུན་ཟླ་ལྟར་བརྩེ་ཞིང་དུང་བ་དང་། སྙིང་རྗེ་དང་ཁེངས་སྐྱུང་གི་བསམ་པ་ལྡན་དགོས་སོ།།
9 ཁྱོད་རྣམས་ཀྱིས་གནོད་ལན་གནོད་འཇལ་མི་བྱེད་པ་དང་། དམའ་འབེབས་ཀྱི་ཚིག་ལ་དམའ་འབེབས་ཀྱི་ལན་མི་སློག་པར། དེ་ལས་ལྡོག་སྟེ་བྱིན་རླབས་ཞུ་འོས་སོ།། ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ལ་ཞལ་འབོད་གནང་བ་ནི་བྱིན་རླབས་འཐོབ་པའི་ཆེད་དུ་ཡིན།
10 དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ།
སུ་ཞིག་སྲོག་ལ་གཅེས་པ་དང་།།
སྐྱིད་པའི་འཚོ་བ་རོལ་འདོད་ན།།
ཚིག་ངན་སྨྲ་ལྕེ་བསྡམ་དགོས་ཤིང་།།
མཆུ་ཏོའི་གཡོ་སྒྱུ་བསྲུང་བར་གྱིས།།
11 ངན་པ་སྤངས་ནས་བཟང་པོ་སྒྲུབས།།
ཞི་མཐུན་འཚོལ་ཞིང་དེའི་རྗེས་སྙེགས།།
12 དེ་ནི་གཙོ་བོ་ལགས་ཀྱི་སྤྱན་ཟུང་གིས།།
དྲང་བདེན་མི་ལ༌གཟིགས་ཤིང་ཐོས་འཛིན་གྱིས།།
དེ་ཡི་སྨོན་ལམ་དག་ལ་གསན་ཕྱིར་རོ།།
འོན་ཀྱང་ངན་པའི་ལས་སུ་འཇུག་མཁན་ལ།།
གཙོ་བོ་ལགས་ཀྱི་ཞལ་རས་འགྱུར་བ་འོ།།
ཞེས་གསུངས་པའི་ཕྱིར༌རོ།།
13 ཁྱོད་ཅག་གིས་བརྩོན་སེམས་ངང་ནས་ལས་བཟང་པོ་བྱས་པ་ཡིན་ན། ཁྱོད་རྣམས་ལ་གནོད་འཚེ་གཏོང་མཁན་སུ་ཡོད།
14 ཁྱོད་ཅག་གིས་དྲང་བདེན་གྱི་ལས་སྒྲུབ་པའི་ཕྱིར་སྡུག་བསྔལ་མྱངས་ནའང་ཁྱོད་རྣམས༌བདེའོ།། དེ་དག་གི་འཇིགས་སྐུལ་ལ་མི་སྐྲག་ཅིང་སེམས་ཀྱང་མ་འཚབ༌ཅིག
15 འོན་ཀྱང་། ཁྱོད་ཅག་གི་སེམས་སུ་སྐྱབས་མགོན་མཱ་ཤི་ཀ་ནི་གཙོ་བོར་བཀུར་འོས་སོ།། སུ་ཞིག་གིས་ཁྱོད་རྣམས་ལ་སེམས་ཀྱི་རེ་སྨོན་ཅི་ཡིན་དྲི་བའི་ཕྱིར། ཁྱོད་ཅག་གིས་རྟག་ཏུ་སྟ་གོན་བྱེད་ཅིང་ཞི་འཇམ་དང་གུས་སེམས་བཅངས་ཏེ། མི་རེ་རེ་ལ་ལན་གདབ་པར༌བྱའོ།།
16 ཁྱོད་ཅག་གིས་བསམ་པ་རྣམ་དག་དང་བཅས། ཁྱོད་རྣམས་ལ་དོན་གང་ཞིག་གི་ཆ་ནས་དམའ་འབེབས་བྱས༌ན། དོན་དེའི་ཆ་ནས་སྐྱབས་མགོན་མཱ་ཤི་ཀའི་ནང་དུ་ཁྱོད་ཅག་གི་སྤྱོད་ལམ་བཟང་པོ་ལ་སྙོན་འཛུགས་མཁན་གྱི་མི་དེ་ངོ་ཚར་སྦྱོར་བ་ཡིན།
17 དཀོན་མཆོག་གི་ཐུགས་དགོངས་ཡིན་ན། ཁྱོད་རྣམས་ཀྱིས་ལས་བཟང་པོ་བྱས་པའི་ཕྱིར་སྡུག་བསྔལ་མྱོང་བ་ནི། ལས་ངན་པ་བྱས་པའི་ཕྱིར་སྡུག་བསྔལ་མྱོང་བ་ལས་ལེགས་སོ།།
18 ཅིའི་ཕྱིར་ཞེ་ན། སྐྱབས་མགོན་མཱ་ཤི་ཀས་ཀྱང་དེ་སྔར་ཐེངས་གཅིག་ལ་སྡིག་པའི་ཆེད་དུ་སྡུག་བསྔལ་མྱངས༌ཤིང་། དེ་ནི་རྣམ་པར་དག་པ་དེ་ཡིས་རྣམ་དག་མ་ཡིན་པའི་ཚབ་བྱས་ཏེ། བདག་ཅག་དཀོན་མཆོག་གི་དྲུང་དུ་འདྲེན་པའི་ཕྱིར༌ཡིན། ལུས་ཕུང་གི་ཆ་ནས་བརྗོད་ན། ཁོང་ཉིད་སྐུ་བཀྲོངས་ཤིང་། ཐུགས་ཉིད་ཀྱི་ཆ་ནས་བརྗོད་ན། ཁོང་ཉིད་སླར་གསོན་པ་ཡིན།
19 དེ་སྔར་ཁོང་གིས་ཐུགས་ཉིད་དེ་ལ་བརྟེན་ནས་བཙོན་དུ་ཡོད་པའི་སེམས་ཉིད་དག་ལ་བཀའ་བསྒྲགས་པར་ཕེབས་ཤིང༌།
20 དེ་དག་ནི་སྔོན་ཆད་ནོ་ཨས་གྲུ་གཟིངས་བཟོ་བའི་དུས༌དང༌། དཀོན་མཆོག་གིས་ངང་རྒྱུད་རིང་པོས་རེ་སྒུག་མཛད་པའི་དུས་སུ། དཀོན་མཆོག་གི་བཀའ་ལ་མི་ཉན་པའི་མི་རྣམས་ཡིན། དུས་དེར། གྲུ་གཟིངས་ནང་དུ་སོང་ཞིང་ཆུ་ལ་བརྟེན་ནས་ཐར་མཁན་མི་བརྒྱད་ལས་མང་པོ་མེད།
21 ཆུ་དེ་ཡིས་ཁྲུས་གསོལ་མཚོན་ཞིང༌། ད་ལྟ་ཡེ་ཤུ་མཱ་ཤི་ཀ་སླར་གསོན་པ་བརྒྱུད་ནས་ཁྱོད་རྣམས་ཀྱང་སྐྱོབ་པ་དང་། ཁྲུས་གསོལ་དེ་ནི་ལུས་ཀྱི་མི་གཙང་བ་མེད་པར་བཟོ་བ་མ་ཡིན་པར། དཀོན་མཆོག་གི་སྤྱན་སྔར་བསམ་པ་རྣམ་དག་ལྡན་པའི་ཕྱིར་ཡིན།
22 སྐྱབས་མགོན་ཡེ་ཤུ་ནམ་མཁའི་ཞིང་ཁམས་སུ་ཕེབས་ཏེ། དཀོན་མཆོག་གི་གཡས་ཕྱོགས་སུ་བཞུགས་ཤིང༌། ཕོ་ཉའི་ཚོགས་དང་། དབང་འཛིན༌མཁན། མཐུ་སྟོབས་ཅན་ཐམས་ཅད་ཁོང་གི་མངའ་འོག་ཏུ་མཛད་དོ།།