ལེའུ་བརྒྱད་པ།
སྒྲོན་མེ་བདུན།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
2 ཁྱོད་ཀྱིས་ཨ་རོན་ལ་འདི་ལྟར། ཁྱོད་ཀྱིས་སྒྲོན་མེ་ཤོམ་དུས་སུ། སྒྲོན་མེ་བདུན་པོའི་འོད་ནི་སྒྲོན་སྟེགས་ཀྱི་མདུན་ཕྱོགས་སུ་སྣང་བར་བྱེད་དགོས་སྨྲོས་ཤིག་ཅེས་གསུངས་སོ། །
3 ཨ་རོན་གྱིས་དེ་བཞིན་བྱས་ཏེ། སྒྲོན་མེ་རྣམས་སྒྲོན་སྟེགས་ཀྱི་མདུན་དུ་བཤམས་ཤིང་། དེ་ནི་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་བཞིན་ཡིན་ནོ། །
4 སྒྲོན་སྟེགས་ཀྱི་བཟོ་ཚུལ་ནི་གསེར་བཙོ་མས་རྡུང་བཟོ་བྱས་པ་ཡིན་ཏེ། དེའི་ཞབས་ར་ནས་མེ་ཏོག་གི་བར་དུ་རྡུང་བཟོ་བྱས་ཡོད། དེ་ནི་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེས་ཁོ་ལ་བསྟན་པའི་མ་དཔེ་བཞིན་དུ་སྒྲོན་སྟེགས་བཟོས་པ་ཡིན་ནོ། །
ལེ་ཝི་པ་རྣམས་ཀྱི་གཙང་སྦྲ་དང་ཞབས་ཕྱིའི་སྒྲིག་སྲོལ།
5 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
6 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལས་ལེ་ཝི་པ་རྣམས་བདམས་ཏེ་གཙང་མར་བྱོས་ཤིག
7 དེ་དག་འདི་ལྟར་གཙང་མར་བྱེད་དགོས་ཏེ། སྡིག་པ་སེལ་བའི་ཆུ་ནི་ཁོ་ཚོའི་སྟེང་དུ་གཏོར་ཅིག ཡང་དེ་དག་ལ་སྤུ་གྲིས་རང་གི་ལུས་ཧྲིལ་པོའི་སྤུ་གཞར་དུ་འཇུག་པ་དང་། རང་གི་གོས་རྣམས་བཀྲུས་ནས་རང་ཉིད་གཙང་མར་བྱེད་དགོས།
8 དེ་ནས་ཁོ་རྣམས་ལ་གླང་ཐུག་ཅིག་དང་དེ་དང་མཉམ་དུ་འབུལ་བའི་འབྲུ་རིགས་ཀྱི་མཆོད་པ་སྟེ་ཕྱེ་བཟང་པོ་སྣུམ་བསྲེས་མ་ལེན་དུ་འཇུག་པ་དང་། ཁྱོད་ཀྱིས་ཀྱང་སྡིག་བཤགས་མཆོད་པ་རུ་གླང་ཐུག་ཅིག་ལེན་དགོས་སོ། །
9 ཁྱོད་ཀྱིས་ལེ་ཝི་པ་རྣམས་མཇལ་འཕྲད་གུར་མཆོག་གི་མདུན་དུ་ཚུར་ཁྲིད་ནས། ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་བསྡུ་དགོས།
10 ཁྱོད་ཀྱིས་ལེ་ཝི་པ་རྣམས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ཁྲིད་འོངས་ནས། ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་ཚོའི་སྟེང་ལ་ལག་པ་འཇོག་དགོས།
11 དེ་ནས་ཨ་རོན་གྱིས་ཡེས་ར་ཨེལ་པ་རྣམས་ལས་ལེ་ཝི་པ་རྣམས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་གཡོབ་མཆོད་དུ་འབུལ་དགོས་ཏེ། དེ་དག་ལ་དཀོན་མཆོག་ཡ་ཝཱེའི་ལས་དོན་བསྒྲུབ་ཏུ་འཇུག་དགོས།
12 ལེ་ཝི་པ་རྣམས་ཀྱིས་གླང་ཐུག་དེ་གཉིས་ཀྱི་མགོ་ལ་ལག་པ་བཞག་སྟེ། གླང་ཐུག་གཅིག་ནི་སྡིག་བཤགས་མཆོད་པ་དང་། གླང་ཐུག་ཅིག་ཤོས་ནི་སྦྱིན་སྲེག་ཏུ་དཀོན་མཆོག་ཡ་ཝཱེ་ལ་ཕུལ་ནས་ལེ་ཝི་པ་རྣམས་ཀྱི་སྡིག་པ་བཤག་དགོས།
13 ཡང་ཁྱོད་ཀྱིས་ལེ་ཝི་པ་རྣམས་ཨ་རོན་དང་དེའི་བུ་རྣམས་ཀྱི་མདུན་དུ་ལངས་སུ་བཅུག་ནས། དེ་རྣམས་དཀོན་མཆོག་ཡ་ཝཱེ་ལ་གཡོབ་མཆོད་དུ་འབུལ་བར་བྱའོ། །
14 དེ་བཞིན་ཁྱོད་ཀྱིས་ལེ་ཝི་པ་རྣམས་ནི་ཡེས་ར་ཨེལ་པ་རྣམས་ལས་ལོགས་སུ་བཀར་ནས། དེ་དག་ང་རང་ལ་དབང་དགོས།
15 དེ་ནས་ལེ་ཝི་པ་རྣམས་མཇལ་འཕྲད་གུར་མཆོག་གི་ཞབས་ཕྱི་བསྒྲུབ་པར་འགྲོ་ཆོག་པ་དང་། ཁྱོད་ཀྱིས་དེ་དག་གཙང་མར་བྱས་ནས་གཡོབ་མཆོད་དུ་འབུལ་དགོས་ཏེ།
16 ལེ་ཝི་པ་རྣམས་ནི་ཡེས་ར་ཨེལ་པ་རྣམས་ལས་ཡོངས་སུ་བདག་ལ་ཕུལ་བ་ཡིན་ཞིང་། ངས་དེ་དག་རང་གི་ཕྱིར་དུ་བདམས་པ་དང་། ཡེས་ར་ཨེལ་པ་རྣམས་ཀྱི་སྐྱེས་འགོ་ཀུན་གྱི་ཚབ་ཡིན་ལ།
17 ཡེས་ར་ཨེལ་པའི་ཁྲོད་ཀྱི་མི་ཕྱུགས་གང་ཡིན་ཡང་སྐྱེས་འགོ་ཐམས་ཅད་བདག་ལ་དབང་བ་སྟེ། བདག་གིས་ཨེ་ཅིབ་ཡུལ་ནས་སྐྱེས་འགོ་ཐམས་ཅད་བསད་པའི་ཉིན་དེར། དེ་དག་རང་གི་ཕྱིར་དུ་དམ་པར་བྱས་ཡོད་པས་སོ། །
18 བདག་གིས་ཡེས་ར་ཨེལ་པའི་ཁྲོད་ཀྱི་སྐྱེས་འགོ་ཐམས་ཅད་ཀྱི་ཚབ་ཏུ་ལེ་ཝི་པ་རྣམས་བདམས་པ་དང་།
19 ཡེས་ར་ཨེལ་པ་རྣམས་ལས་ལེ་ཝི་པ་རྣམས་ཨ་རོན་དང་དེའི་བུ་རྣམས་ལ་སྐྱེས་སུ་ཕུལ་བ་ཡིན། དེ་ནི་ཡེས་ར་ཨེལ་པ་རྣམས་གནས་མཆོག་གི་ཉེ་སར་བཅར་བའི་དུས་སུ་དེ་རྣམས་ལ་ནད་ཡམས་མི་འབྱུང་བའི་ཆེད་དུ། དེ་དག་གིས་མཇལ་འཕྲད་གུར་མཆོག་ནས་ཡེས་ར་ཨེལ་པ་རྣམས་ཀྱི་ཞབས་ཕྱི་བསྒྲུབ་ཅིང་། ཡེས་ར་ཨེལ་པ་རྣམས་ཀྱི་ཕྱིར་དུ་སྡིག་བཤགས་བྱེད་པའི་ཕྱིར་ཡིན་ཞེས་གསུངས་སོ། །
20 དེ་ནས་མོ་ཤེ་དང་ཨ་རོན་དང་། ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཡོངས་ཀྱིས་ལེ་ཝི་པ་རྣམས་ལ་དེ་ལྟར་བྱས། དཀོན་མཆོག་ཡ་ཝཱེས་ལེ་ཝི་པ་རྣམས་ལ་དམིགས་ནས་མོ་ཤེ་ལ་བཀའ་ཅི་ལྟར་གནང་བ་ཡིན་ན། ཡེས་ར་ཨེལ་པ་རྣམས་ཀྱིས་དེ་བཞིན་བསྒྲུབས་པའོ། །
21 ལེ་ཝི་པ་རྣམས་ཀྱིས་རང་རང་གཙང་མར་བྱས་ཤིང་གྱོན་གོས་རྣམས་ཀྱང་བཀྲུས། ཨ་རོན་གྱིས་དེ་རྣམས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་གཡོབ་མཆོད་དུ་ཕུལ་བ་དང་། དེ་དག་གཙང་མར་བཟོ་བའི་ཆེད་དུ་སྡིག་བཤགས་བྱས་སོ། །
22 དེའི་རྗེས་སུ་ལེ་ཝི་པ་རྣམས་ནང་དུ་སོང་སྟེ་ཨ་རོན་དང་དེའི་བུ་རྣམས་ཀྱི་མདུན་དང་། མཇལ་འཕྲད་གུར་མཆོག་ཏུ་ཞབས་ཕྱི་བསྒྲུབས་ཤིང་། དཀོན་མཆོག་ཡ་ཝཱེས་མོ་ཤེ་བརྒྱུད་ནས་ལེ་ཝི་པ་རྣམས་ལ་བཀའ་ཅི་ལྟར་གནང་བ་ཡིན་ན། ཡེས་ར་ཨེལ་པ་རྣམས་ཀྱིས་དེ་དག་ལ་དེ་བཞིན་བྱས་སོ། །
23 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
24 ལེ་ཝི་པ་རྣམས་ཀྱི་སྐོར་ནི་འདི་ལྟ་སྟེ། ལོ་ཉེར་ལྔ་དང་དེའི་ཡན་གྱི་མི་སུ་ཡིན་ཡང་ནང་དུ་ཡོང་ནས་མཇལ་འཕྲད་གུར་མཆོག་གི་ཞབས་ཕྱི་བསྒྲུབ་པའི་ལས་གྲལ་དུ་ཞུགས་དགོས།
25 འོན་ཀྱང་། ལོ་ལྔ་བཅུར་སོན་པ་རྣམས་ཀྱིས་ཞབས་ཕྱི་སྒྲུབ་མཚམས་བཞག་ནས་ཞབས་ཕྱི་བསྒྲུབ་མི་དགོས།
26 དེ་ཚོས་མཇལ་འཕྲད་གུར་མཆོག་ནང་དུ་རང་གི་སྤུན་ཟླ་རྣམས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པར་མཐུན་རྐྱེན་སྦྱོར་བ་ལས་ཞབས་ཕྱི་བསྒྲུབ་མི་དགོས། ལེ་ཝི་པ་རྣམས་ཀྱི་ལས་འགན་ཐད་ཁྱོད་ཀྱིས་ཁོ་རྣམས་ལ་དེ་བཞིན་བྱེད་འོས་སོ་ཞེས་བཀའ་གནང་ངོ་། །