ལེའུ་སོ་གཅིག་པ།
མིད་ཡཱན་པ་ལ་དགྲ་ལན་སློག་པ།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
2 ཡེས་ར་ཨེལ་པ་རྣམས་ཀྱི་དོན་དུ་མིད༌ཡཱན་པ་རྣམས་ལ་དགྲ་ལན་སློགས་ཤིག དེའི་རྗེས་སུ་ཁྱོད་ནི་རང་གི་མེས་པོ་རྣམས་ཀྱི་དྲུང་དུ་འཛོམ་ངེས་ཡིན་ཞེས་གསུངས་སོ། །
3 མོ་ཤེ་ཡིས་མི་ཚོགས་ལ། ཁྱོད་རྣམས་ལས་ཁག་གཅིག་གིས་གོ་མཚོན་སྤྲས་ནས་འཐབ་མོར་ཞུགས་དགོས་པ་དང་། དཀོན་མཆོག་ཡ་ཝཱེའི་དོན་དུ་མིད་ཡཱན་པ་རྣམས་ལ་དགྲ་ལན་འཇལ་བའི་ཕྱིར་དེ་དག་ལ་རྒོལ་བར་བྱའོ། །
4 ཁྱོད་ཅག་གིས་ཡེས་ར་ཨེལ་གྱི་ཚོ་པ་ཐམས་ཅད་ཀྱི་ཚོ་པ་རེ་ནས་མི་ཆིག་སྟོང་རེ་གཡུལ་སར་ཐོངས་ཤིག་ཅེས་སྨྲས་སོ། །
5 དེ་ནས་ཡེས་ར་ཨེལ་པ་སྟོང་ཕྲག་མང་པོའི་ཁྲོད་ཚོ་པ་རེ་ནས་མི་ཆིག་སྟོང་རེ་བདམས་པ་དང་། བསྡོམས་པས་མི་ཆིག་ཁྲི་ཉིས་སྟོང་ཡོད་པ་ཐམས་ཅད་ཀྱིས་གོ་མཚོན་སྤྲས་ནས་འཐབ་མོར་ཞུགས།
6 མོ་ཤེ་ཡིས་ཚོ་པ་རེ་ནས་མི་ཆིག་སྟོང་རེ་དམག་ལ་བཏང་བ་དང་། མཆོད་དཔོན་ཨེ་ལི་ཨ་ཟར་གྱི་བུ་ཕི་ནེ་ཧེ་ཡང་དེ་དག་དང་མཉམ་དུ་མངགས་པ་སྟེ། ཕི་ནེ་ཧེའི་ལག་ཏུ་གནས་མཆོག་གི་སྣོད་ཆས་དང་བརྡ་རྒྱག་བྱེད་ཀྱི་དུང་རྣམས་ཐོགས་ནས་ཆས།
7 ཁོ་རྣམས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་བཞིན་དུ་སོང་ནས་མིད་ཡཱན་པ་རྣམས་ལ་དམག་འཁྲུག་བརྒྱབ་པ་དང་། སྐྱེས་པ་ཐམས་ཅད་བསད།
8 དེ་དག་གི་ཁར་ད་དུང་ཨེ་ཝི་དང་། རེ་ཀེམ་དང་། ཙུར་དང་། ཧུར་དང་། རེ་པ་བཅས་མིད་ཡཱན་པའི་རྒྱལ་པོ་ལྔ་ཡང་བསད་ཅིང་། པེ་ཨོར་གྱི་བུ་པེལ་ཨམ་ཡང་རལ་གྲིས་བསད་དོ། །
9 ཡེས་ར་ཨེལ་པ་རྣམས་ཀྱིས་མིད་ཡཱན་པའི་བུད་མེད་དང་བྱིས་པ་རྣམས་བདག་གིར་བཟུང་བ་དང་། ཡང་དེ་དག་གི་སྒོ་ཕྱུགས་དང་། ལུག་ཁྱུ་དང་། རྒྱུ་ནོར་བཅས་ཐམས་ཅད་ཕྲོགས་ནས་ཁྱེར་བར་མ་ཟད།
10 དེ་དག་གནས་པའི་གྲོང་ཁྱེར་དང་སྒར་རྣམས་མེ་ཡིས་བསྲེགས་པ་དང་།
11 ཁོ་ཚོས་འཕྲོག་བཅོམ་བྱས་ནས་ཐོན་པའི་མི་དང་སྒོ་ཕྱུགས་ཐམས་ཅད་ཁྱེར་ནས་སོང་།
12 ཁོ་ཚོས་བཙོན་པ་རྣམས་དང་འཕྲོག་བཅོམ་བྱས་པའི་དངོས་པོ་ཐམས་ཅད་ཡོར་དན་གཙང་པོའི་འགྲམ་དང་ཡེ་རུ་ཀོ་ཡི་ཁ་གཏད་དེ། མོ་ཨབ་སྤང་ལྗོངས་སུ་ཡོད་པའི་སྒར་ཁ་དེར་ཁྱེར་ཡོང་ནས། མོ་ཤེ་དང་མཆོད་དཔོན་ཨེ་ལི་ཨ་ཟར་དང་། ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་ལ་སྤྲད་དོ། །
13 མོ་ཤེ་དང་མཆོད་དཔོན་ཨེ་ལི་ཨ་ཟར་དང་མི་ཚོགས་ཀྱི་འགོ་དཔོན་རྣམས་སྒར་ཁའི་ཕྱི་རོལ་ཏུ་ཕེབས་ཏེ་ཁོ་ཚོར་བསུ་བ་བྱས།
14 མོ་ཤེ་ནི་གཡུལ་ས་ནས་ཕྱིར་ཐོན་པའི་དམག་དཔོན་ཏེ་སྟོང་དཔོན་དང་བརྒྱ་དཔོན་རྣམས་ལ་ཁྲོས་པར་གྱུར།
15 མོ་ཤེ་ཡིས་ཁོ་རྣམས་ལ་འདི་ལྟར། ཁྱོད་ཅག་གིས་བུད་མེད་འདི་རྣམས་གསོན་པོར་བསྐྱུར་པ་ཡིན་ནམ།
16 ལྟོས་དང་། བུད་མེད་འདི་དག་གིས་པེལ་ཨམ་གྱི་ཇུས་ངན་ལ་བསྟུན་ནས་ཡེས་ར་ཨེལ་པ་རྣམས་ཕེ་ཨོར་གྱི་དོན་རྐྱེན་ཐད་དཀོན་མཆོག་ཡ་ཝཱེ་ལ་འགལ་བར་བྱས་པས། དཀོན་མཆོག་ཡ་ཝཱེའི་མི་ཚོགས་ཀྱི་ཁྲོད་དུ་གཉན་ནད་བྱུང་བ་ཡིན།
17 ད་ལྟ་ཁྱོད་ཅག་གིས་བུ་ཆུང་ཐམས་ཅད་གསོད་དགོས་ལ། སྐྱེས་པ་དང་འགྲོགས་མྱོང་བའི་བུད་མེད་ཐམས་ཅད་ཀྱང་སོད་ཅིག
18 འོན་ཀྱང་། སྐྱེས་པ་དང་མ་འགྲོགས་པའི་གཞོན་ནུ་མ་ཐམས་ཅད་རང་ཉིད་ཀྱི་ཕྱིར་དུ་གསོན་པོར་བསྐྱུར་དགོས་པ་ཡིན།
19 ཁྱོད་ཅག་སྒར་གྱི་ཕྱི་རོལ་ཏུ་ཉིན་བདུན་ལ་སྡོད་དང་། མི་བསད་པའམ་ཤི་བོའི་བེམ་པོར་རེག་པ་སུ་ཡིན་ཡང་། དེས་ཉིན་གསུམ་པ་དང་ཉིན་བདུན་པར་རང་ཉིད་གཙང་མར་བྱེད་དགོས་ལ། ཁྱོད་ཅག་དང་བཙོན་པ་རྣམས་ཀྱིས་ཀྱང་དེ་ལྟར་བྱེད་དགོས།
20 ཁྱོད་ཅག་གིས་གྱོན་གོས་དང་། ཀོ་བས་བཟོས་པ་དང་། ར་རྩིད་ཀྱིས་བཏགས་པ་དང་། ཤིང་གིས་བཟོས་པ་བཅས་ཐམས་ཅད་གཙང་མར་བཟོ་དགོས་ཞེས་གསུངས་སོ། །
21 མཆོད་དཔོན་ཨེ་ལི་ཨ་ཟར་གྱིས་གཡུལ་ནས་ཕྱིར་ལོག་པའི་དམག་མི་རྣམས་ལ་འདི་ལྟར། འདི་ནི་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་ཀྱི་སྒྲིག་སྲོལ་ཡིན་ཏེ།
22 གསེར་དང་། དངུལ་དང་། ལི་དང་། ལྕགས་དང་། ཀྲིན་དང་། ཞ་ཉེ་བཅས་དང་།
23 གཞན་ཡང་མེ་ཡིས་མི་འཚིག་པ་ཐམས་ཅད་ཁྱོད་ཅག་གིས་མེའི་ནང་དུ་འཇུག་ཅིང་གཙང་མར་འགྱུར། ཡིན་ནའང་ད་དུང་སྦག་བཙོག་སེལ་བྱེད་ཀྱི་ཆུ་ཡིས་དེ་རྣམས་གཙང་མར་བཟོ་དགོས། མེ་ཡིས་འཚིག་ནུས་པ་རྣམས་ཁྱོད་ཅག་གིས་ཆུ་ལ་འཇུག་པར་བྱའོ། །
24 ཡང་ཉིན་བདུན་པར་ཁྱོད་ཅག་གིས་རང་གི་གོས་རྣམས་བཀྲུས་ནས་གཙང་མར་འགྱུར་བས། དེའི་རྗེས་སུ་སྒར་ལ་འོང་ཆོག་ཅེས་སྨྲས་སོ། །
25 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
26 ཁྱོད་དང་མཆོད་དཔོན་ཨེ་ལི་ཨ་ཟར་དང་། མི་ཚོགས་ཀྱི་ཚོ་དཔོན་རེ་རེ་བཅས་ཀྱིས་ཕྲོགས་འོངས་པའི་མི་དང་སྒོ་ཕྱུགས་རྣམས་ཀྱི་བསྡོམས་གྲངས་རྩིས་ལོངས་ཤིག
27 ཁྱོད་ཀྱིས་འཕྲོག་བཅོམ་བྱས་ནས་ཐོབ་པ་རྣམས་ཁག་གཉིས་སུ་བགོས་ལ། ཕྱེད་ཀ་གཡུལ་འཐབ་ལ་ཞུགས་པའི་དམག་མི་རྣམས་དང་། ཕྱེད་ཀ་མི་ཚོགས་ཡོངས་ལ་སྤྲོད་ཅིག
28 ཡང་ཁྱོད་ཀྱིས་དམག་འཐབ་ལ་སོང་བའི་དམག་མི་རྣམས་ནས་ཐོབ་པ་ནི་མི་དང་། བ་གླང་དང་། བོང་བུ་དང་། ཡང་ན་ར་ལུག་གི་ཁྱུ་བཅས་གང་ཡིན་ཡང་དེ་རྣམས་ལས་ལྔ་བརྒྱའི་ཆ་གཅིག་དཀོན་མཆོག་ཡ་ཝཱེ་ལ་ཁྲལ་རྟེན་དུ་འབུལ་དགོས།
29 ཁྱོད་ཅག་གིས་དེ་དག་གི་ཕྱེད་ཀ་ལས་བླངས་ཏེ་མཆོད་དཔོན་ཨེ་ལི་ཨ་ཟར་ལ་སྤྲད་ནས་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་དུ་འབུལ་དགོས།
30 ཡང་ཡེས་ར་ཨེལ་པ་རྣམས་ཀྱི་ཕྱེད་ཀ་ལས་མི་དང་། བ་གླང་དང་། བོང་བུ་དང་། ར་ལུག་གི་ཁྱུ་དང་། ཡང་ན་སྒོ་ཕྱུགས་སྣ་ཚོགས་བཅས་གང་ཡིན་ཡང་དེ་རྣམས་ལས་ལྔ་བཅུའི་ཆ་གཅིག་བླངས་ཏེ་དཀོན་མཆོག་ཡ་ཝཱེའི་གུར་མཆོག་སྲུང་མཁན་ལེ་ཝི་པ་རྣམས་ལ་སྤྲོད་དགོས་ཞེས་གསུངས་སོ། །
31 དེ་ནས་མོ་ཤེ་དང་མཆོད་དཔོན་ཨེ་ལི་ཨ་ཟར་གཉིས་ཀྱིས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གནང་བའི་བཀའ་བཞིན་དུ་བསྒྲུབས་སོ། །
32 འཕྲོག་ནོར་ཏེ་དམག་མི་རྣམས་ཀྱིས་འཕྲོག་བཅོམ་བྱས་ནས་ཐོབ་པ་ནི་ར་ལུག་དྲུག་འབུམ་བདུན་ཁྲི་ལྔ་སྟོང་དང་།
33 བ་གླང་བདུན་ཁྲི་ཉིས་སྟོང་དང་།
34 བོང་བུ་དྲུག་ཁྲི་ཆིག་སྟོང་དང་།
35 སྐྱེས་པ་དང་ལུས་འབྲེལ་བྱས་མྱོང་མེད་པའི་བུད་མེད་སུམ་ཁྲི་ཉིས་སྟོང་བཅས་སོ། །
36 ཡང་དམག་འཁྲུག་ལ་ཞུགས་པ་རྣམས་ཀྱི་བགོ་སྐལ་ཏེ། ཁོ་རྣམས་ཀྱི་བགོ་སྐལ་ཕྱེད་ཀ་ལས་ར་ལུག་སུམ་འབུམ་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་ཡོད་པ་དང་།
37 ར་ལུག་གི་ཁྱུ་དེ་རྣམས་ལས་དྲུག་བརྒྱ་དང་བདུན་ཅུ་དོན་ལྔ་དཀོན་མཆོག་ཡ་ཝཱེ་ལ་ཁྲལ་རྟེན་དུ་ཕུལ།
38 བ་གླང་སུམ་ཁྲི་དྲུག་སྟོང་ཡོད་པ་ལས་བདུན་ཅུ་དོན་གཉིས་དཀོན་མཆོག་ཡ་ཝཱེ་ལ་ཁྲལ་རྟེན་དུ་ཕུལ།
39 བོང་བུ་སུམ་ཁྲི་ལྔ་བརྒྱ་ཡོད་པ་ལས་དྲུག་ཅུ་རེ་གཅིག་དཀོན་མཆོག་ཡ་ཝཱེ་ལ་ཁྲལ་རྟེན་དུ་ཕུལ།
40 མི་ཆིག་ཁྲི་དྲུག་སྟོང་ཡོད་པ་ལས་སུམ་ཅུ་སོ་གཉིས་དཀོན་མཆོག་ཡ་ཝཱེ་ལ་ཁྲལ་རྟེན་དུ་ཕུལ་ཏོ། །
41 མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེས་རང་ཉིད་ལ་གནང་བའི་བཀའ་བཞིན་དུ། དཀོན་མཆོག་ཡ་ཝཱེ་ལ་ཁྲལ་རྟེན་དུ་ཕུལ་བའི་འདེགས་མཆོད་ནི་མཆོད་དཔོན་ཨེ་ལི་ཨ་ཟར་ལ་སྤྲད་དོ། །
42 ཡེས་ར་ཨེལ་པ་རྣམས་ལ་ཐོབ་པའི་བགོ་སྐལ་ཕྱེད་ཀ་སྟེ། མོ་ཤེ་ཡིས་དམག་འཁྲུག་ལ་ཆས་པ་རྣམས་ལས་ཁོ་རྣམས་ལ་བགོས་པ་ནི།
43 མི་ཚོགས་ལ་དབང་བའི་ཕྱེད་ཀ་ལས་ར་ལུག་སུམ་འབུམ་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་དང་།
44 བ་གླང་སུམ་ཁྲི་དྲུག་སྟོང་དང་།
45 བོང་བུ་སུམ་ཁྲི་ལྔ་བརྒྱ་དང་།
46 མི་ཆིག་ཁྲི་དྲུག་སྟོང་བཅས་ཡོད།
47 མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེས་རང་ཉིད་ལ་གནང་བའི་བཀའ་བཞིན་དུ། ཡེས་ར་ཨེལ་པ་རྣམས་ལ་དབང་བའི་ཕྱེད་ཀ་ལས། མི་དང་སྒོ་ཕྱུགས་གང་ཡིན་ཡང་དེའི་ལྔ་བཅུའི་ཆ་གཅིག་བླངས་ཏེ། དཀོན་མཆོག་ཡ་ཝཱེའི་གུར་མཆོག་སྲུང་མཁན་ལེ་ཝི་པ་རྣམས་ལ་སྤྲད་དོ། །
48 དམག་དཔུང་རྣམས་ཀྱི་དམག་དཔོན་ཏེ། སྟོང་དཔོན་དང་བརྒྱ་དཔོན་བཅས་པ་མོ་ཤེའི་མདུན་དུ་འོངས་ནས།
49 མོ་ཤེ་ལ་ན་རེ། ཁྱེད་ཀྱི་ཞབས་ཕྱི་ཡིས་ངེད་ཅག་གི་ལག་འོག་ཏུ་ཡོད་པའི་དམག་མི་རྣམས་ཀྱི་གྲངས་ཀ་བླངས་པ་དང་། མི་གཅིག་ཀྱང་མ་ཚང་བ་མེད་དོ། །
50 ད་ལྟ་ངེད་ཅག་གིས་མི་རེ་རེས་རྙེད་པའི་གསེར་གྱི་ཅ་ལག་དང་། དཔུང་རྒྱན། ལག་གདུབ། མཛུབ་དཀྲིས་ཐམ་ག་ཅན། རྣ་རྒྱན། སྐེ་རྒྱན་བཅས་ཐམས་ཅད་དཀོན་མཆོག་ཡ་ཝཱེ་ལ་ཕྱག་རྟེན་དུ་འབུལ་བར་ཁྱེར་ནས་ཐོན་ཡོད་དེ། དཀོན་མཆོག་ཡ་ཝཱེའི་དྲུང་དུ་ངེད་ཅག་རང་རང་གི་སྡིག་པ་བཤག་པའི་ཕྱིར་དུའོ་ཞེས་ཞུས་སོ། །
51 དེ་ནས་མོ་ཤེ་དང་མཆོད་དཔོན་ཨེ་ལི་ཨ་ཟར་གཉིས་ཀྱིས་ཁོ་རྣམས་ཀྱི་གསེར་ཏེ་གསེར་གྱིས་བཟོས་པའི་ཅ་ལག་ཐམས་ཅད་བླངས་སོ། །
52 སྟོང་དཔོན་དང་བརྒྱ་དཔོན་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་འདེགས་མཆོད་དུ་ཕུལ་བའི་གསེར་ནི་བསྡོམས་པས་སྲང་ཆིག་ཁྲི་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་ཡིན།
53 དམག་མི་རྣམས་ཀྱིས་རང་རང་གི་ཕྱིར་དུ་བཅོམ་ནོར་བླངས་པའོ། །
54 ཡང་མོ་ཤེ་དང་མཆོད་དཔོན་ཨེ་ལི་ཨ་ཟར་གཉིས་ཀྱིས་སྟོང་དཔོན་དང་བརྒྱ་དཔོན་རྣམས་ལས་གསེར་བླངས་ཏེ་མཇལ་འཕྲད་གུར་མཆོག་གི་ནང་དུ་ཁྱེར་ནས། དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཡེས་ར་ཨེལ་པ་རྣམས་ཀྱི་དྲན་རྟེན་དུ་ཕུལ་ཏོ། །