ལེའུ་གཉིས༌པ།
ཤར་ཕྱོགས་ཀྱི་མཁས་པ་རྣམས་ཕེབས་པའི༌སྐོར།
དེ་ཡང་ཧེ་རོ་དཱ་*རྒྱལ་པོ་ཡིན་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་ནི་ཡ་ཧུ་དཱའི་ཡུལ་གྱི་པེད་ལེ་ཧེམ་དུ་སྐུ་འཁྲུངས༌རྗེས། ཤར་ཕྱོགས་ནས་མཁས་པ་འགའ་ཞིག་ཡེ་རུ་སཱ་ལེམ་ལ་ཕེབས༌ཏེ། ཡ་ཧུ་དཱའི་མི་རིགས་ཀྱི་རྒྱལ་པོར་སྐུ་འཁྲུངས་པ་དེ་གང་དུ་བཞུགས༌སམ། ངེད་ཅག་གིས་ཤར་ཕྱོགས་ནས་ཁོང་གི་སྐར་མ་མཐོང་སྟེ་ཁོང་ལ་མཇལ་དུ་ཡོང་ཞེས་སྨྲས༌སོ།།
རྒྱལ་པོ་ཧེ་རོ་དཱ་ཡིས་གཏམ་དེ་ཐོས་ནས་སེམས་འཁྲུགས༌ཤིང༌། ཡེ་རུ་སཱ་ལེམ་གྱི་མི་ཐམས་ཅད་ཀྱང་སེམས་འཁྲུགས་པ༌དང༌། རྒྱལ་པོས་མཆོད་དཔོན་ཆེན་པོ་རྣམས་དང་ཡུལ་མིའི་ཁྲོད་ཀྱི་མཁན་པོ་ཐམས་ཅད་བསྡུས༌ཏེ། སྐྱབས་མགོན་མཱ་ཤི་ཀ་ནི་ཡུལ་གང་ནས་འཁྲུང་བར་འགྱུར་རམ་ཞེས་དྲིས་པ༌དང༌། དེ་རྣམས་ན༌རེ། ཡ་ཧུ་དཱའི་ཡུལ་གྱི་པེད་ལེ་ཧེམ་དུ་སྐུ་འཁྲུང་བར༌འགྱུར། དེའི་རྒྱུ་མཚན་ནི་གསུང་རབ་ཀྱི་མདོ་ལས་ལུང་སྟོན༌པས།
ཡ་ཧུ་དཱ་ཡི་ཡུལ་གྱི་པེད་ལེ༌ཧེམ།།
ཁྱོད་ནི་ཡ་ཧུ་དཱ་ཡི་དཔོན་རིགས༌ལས།།
གོ་ས་ཤིན་ཏུ་ཆུང་བ་མ་ཡིན༌ཏེ།།
ཁྱོད་ལས་མངའ་མཛད་པ་ཞིག་འཁྲུང་བར༌འགྱུར།།
ཁོང་གིས་འབངས་མི་ཡེས་ར་ཨེལ་ནི༌སྐྱོང༌།།
ཞེས་བཀོད་འདུག་ཅེས་སྨྲས༌སོ།།
དེ་ནས་ཧེ་རོ་དཱས་མཁས་པ་དེ་རྣམས་ལྐོག་ནས་བོས༌ཏེ། སྐར་མ་དེ་དུས་ནམ་ཞིག་ལ་བྱུང་བར་ཞིབ་ཏུ་རྩད་བཅད་པ༌དང༌། དེ་རྣམས་པེད་ལེ་ཧེམ་དུ་མངགས༌ཏེ། ཕྲུ་གུ་དེའི་གནས་ཚུལ་ཞིབ་ཏུ་ཚོལ༌ཅིག ཕྲུ་གུ་དེ་རྙེད་པ་དང་བདག་ལ་ལན་སྐུར༌ཅིག ང་རང་ཡང་ཁོང་ལ་མཇལ་དུ་འགྲོ་ངེས་ཡིན་ཞེས་སྨྲས་པ༌ལ། དེ་རྣམས་ཀྱིས་རྒྱལ་པོའི་བཀའ་ལ་མཉན་ཏེ་སོང་བ༌དང༌། ཤར་ཕྱོགས་ནས་མཐོང་བའི་སྐར་མ་དེ་ཁོ་རྣམས་ཀྱི་སྔོན་དུ་རྒྱུ་ཞིང་ཕྲུ་གུའི་བཞུགས་སར་སླེབས་པ་དང་བར་སྣང་དུ༌བསྡད། 10 ཁོ་རྣམས་ཀྱིས་སྐར་མ་དེ་མཐོང་བ་དང་ཤིན་ཏུ་དགའ་ཞིང་སྤྲོ་བར་གྱུར༌ཏེ། 11 ཁང་པའི་ནང་དུ་སོང་ནས་ཕྲུ་གུ་དང་ཁོང་གི་ཡུམ་མིར་ཡམ་གཉིས་ལ་མཇལ༌ཞིང༌། ལུས་སར་བཏུད་དེ་ཁོང་ལ་ཕྱག་བཙལ་བ་དང་རིན་པོ་ཆེའི་སྒྲོམ་ཁ་ཕྱེས་ནས་གསེར༌དང༌། སྤོས༌དཀར། གུ་གུལ་བཅས་མཇལ་རྟེན་དུ་ཕུལ༌ཏོ།། 12 དཀོན་མཆོག་གིས་མི་དེ་རྣམས་ལ་རྨི་ལམ་ནང༌དུ། ཧེ་རོ་དཱའི་དྲུང་དུ་ཕྱིར་ལོག་མི་འོས་པའི་བཀའ་གནང༌བས། མི་དེ་རྣམས་ཀྱང་ལམ་གཞན་ཞིག་བསྐོར་ནས་ཕྱིར་རང་ཡུལ་དུ་ལོག༌གོ།
སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ཨེ་ཅིབ་ཡུལ་དུ་ཕེབས༌པ།
13 དེ་རྣམས་སོང་བའི་རྗེས༌སུ། གཙོ་བོའི་ཕོ་ཉ་ཞིག་ཡོ་སེབ་ཀྱི་རྨི་ལམ་དུ་མངོན་པར་གྱུར༌ཏེ། ཧེ་རོ་དཱ་ཡིས་ཕྲུ་གུ་དེ་ཉིད་གསོད་པའི་ཕྱིར་འཚོལ་བར་འགྱུར༌བས། ཁྱོད་ཡར་ལོངས༌དང༌། མ་བུ་གཉིས་ཀ་ཁྲིད་ནས་ཨེ་ཅིབ་ཡུལ་དུ་འབྲོ་བར༌གྱིས། བདག་གིས་ཁྱོད་ལ་སྨྲ་བའི་བར་དུ་གནས་དེར་སྡོད་ཅིག་ཅེས་གསུངས༌སོ།། 14 དེ་ནས་ཁོ་ཡར་ལངས་ཏེ་མ་བུ་གཉིས་ཀ་ཁྲིད་ནས་མཚན་མོ་དེར་ཨེ་ཅིབ་ཡུལ་དུ་ལམ་ལ་ཆས༌ཤིང༌། 15 ཧེ་རོ་དཱ་ཤི་བའི་བར་དུ་གནས་དེར༌བསྡད། དེ་ནི་གཙོ་བོས་ལུང་སྟོན་པ་བརྒྱུད་ནས་འདི་སྐད༌དུ། བདག་གིས་ཨེ་ཅིབ་ཡུལ་ནས་རང་གི་བུ་བོས་པ་ཡིན་ཞེས་གསུངས་པ་བཞིན་དུ་འགྲུབ་པའི་ཕྱིར་དེ་ལྟར་བྱུང༌བའོ།།
16 ཧེ་རོ་དཱས་མཁས་པ་དེ་རྣམས་ཀྱིས་རང་ལ་མགོ་སྐོར་བཏང་བ་ཤེས་པ་དང་ཤིན་ཏུ་ཁྲོས༌ཤིང༌། མཁས་པ་རྣམས་ལ་ཞིབ་ཏུ་དྲིས་པའི་དུས་ནས་བརྩིས་ཤིང་མི་གཞན་མངགས༌ཏེ། པེད་ལེ་ཧེམ་དང་དེའི་མཐའ་འཁོར་དུ་ཡོད་པའི་བུ་ལོ་གཉིས་ཅན་དང་དེ་ལས་ཆུང་བ་ཐམས་ཅད་བསད་པ༌རེད། 17 དེ་ནི་ལུང་སྟོན་པ་ཡེ་རེམ་ཡཱ་བརྒྱུད་ནས་གནང་བའི་ལུང་བསྟན༌ཏེ།
18 མྱ་ངན་སྐད་ཅོར་རྒྱག་པའི་ངུ་སྐད༌དེ།།
རཱ་མལ་ཞེས་བྱའི་ཡུལ་དུ་རྣ་བར༌ཐོས།།
རཱ་ཧེལ་ཞེས་བྱ་ཕྲུ་གུའི་ཆེད་དུ༌ངུས།།
ཕྲུ་གུ་མེད་པས་སེམས་གསོར་མ་མཉན༌ཏོ།།
ཞེས་གསུངས་པ་བཞིན་དེའི་དུས་སུ་འགྲུབ་པར་གྱུར༌ཏོ།།
སྐྱབས་མགོན་ཡེ་ཤུ་ཁོང་ཉིད་ནཱ་ཙ་རེལ་གྲོང་རྡལ་དུ་ཕེབས༌པ།
19 ཧེ་རོ་དཱ་ཤི་བའི་རྗེས༌སུ། གཙོ་བོའི་ཕོ་ཉ་ཞིག་ཨེ་ཅིབ་ཡུལ་ནས་ཡོ་སེབ་ཀྱི་རྨི་ལམ་དུ་མངོན༌ཏེ། 20 ཕྲུ་གུ་དེ་ཉིད་གསོད་འདོད་པའི་མི་རྣམས་ཤི་ཟིན༌པས། ཡར་ལོངས༌དང༌། མ་བུ་གཉིས་ཀ་ཁྲིད་ནས་ཡེས་ར་ཨེལ་ཡུལ་དུ་སོང་ཞིག་ཅེས་གསུངས་པ༌དང༌། 21 ཁོ་ཡར་ལངས་ཏེ་མ་བུ་གཉིས་ཀ་ཁྲིད་ནས་ཡེས་ར་ཨེལ་ཡུལ་དུ་ཕྱིན༌ཏོ།། 22 འོན༌ཀྱང༌། ཨར་ཀེ་ལཱ་ནི་རང་གི་ཕ་ཧེ་རོ་དཱའི་ཚབ་ཏུ་ཡ་ཧུ་དཱའི་ཡུལ་གྱི་རྒྱལ་པོ་བྱེད་བཞིན་པའི་གཏམ་དེ་ཡོ་སེབ་ཀྱིས་ཐོས་ནས་ཡུལ་དེར་འགྲོ་བར་འཇིགས་པ༌རེད། དེ་ནས་ཡང་རང་གི་རྨི་ལམ་དུ་དཀོན་མཆོག་གིས་ཡོ་སེབ་ལ་ཉེན་བརྡ་བཏང་བ་དང་ཁོ་རང་ག་ལིལ་ཡུལ་གྱི་ཕྱོགས་སུ་སོང༌ཞིང༌། 23 ནཱ་ཙ་རེལ་གྲོང་རྡལ་དུ་སླེབས་པ་དང་གནས་དེར༌བསྡད། དེ་ནི་ལུང་སྟོན་པ་རྣམས་ཀྱིས་འདི་སྐད༌དུ། ཁོང་ལ་ནཱ་ཙ་རེལ་གྱི་མི་ཞེས་འབོད་པར་འགྱུར་ཞེས་གསུངས་པ་བཞིན་འགྲུབ་པའི་ཕྱིར་དེ་ལྟར་བྱུང༌བའོ།།
* ལེའུ་གཉིས༌པ།:1 སྤྱིར་ཧེ་རོ་དཱ་ཞེས་པ་ཁྱིམ་ཚང་ཞིག་གི་མིང༌ཡིན། འོན༌ཀྱང༌། དེ་ནི་མིང་གཅིག་མི་དུ་མར་བཏགས་ཡོད་པས་ཧེ་རོ་དཱ་སྔ་མ་ནི་ཡབ་དང་ཧེ་རོ་དཱ་ཕྱི་མ་ནི་སྲས་རྣམས༌ཡིན། འདིར་བརྗོད་པའི་ཧེ་རོ་དཱ་ནི་ཡབ་ལ་གོ་དགོས་ཏེ་ཡ་ཧུ་དཱའི་ཡུལ་གྱི་རྒྱལ་པོའམ་ས་གནས་དཔོན་པོ༌ཡིན། (འཕྲིན་བཟང་འདིའི་ལེའུ་གཉིས་པར་ཧེ་རོ་དཱ་ཞེས་ཐེངས་བརྒྱད་ལ་བྱུང་བ་ཐམས་ཅད་ཧེ་རོ་དཱ་སྔ་མ་ལ་གོ༌དགོས།) ལེའུ་གཉིས༌པ།:17 ཡེ་རེམ་ཡཱ་ཞེས་པ་ནི་ཡ་ཧུ་དཱའི་མི་རིགས་ཀྱི་གནའ་བོའི་ལུང་སྟོན་པ་ཞིག༌ཡིན། ཁོང་ནི་སྤྱི་ལོ་སྔོན་གྱི་626ལོའི་ཡས་མས་སུ༌བཞུགས།