ལེའུ་ཉེར་དྲུག་པ།
བཀའ་བརྩི་མཁན་ལ་བྱིན་རླབས་འཐོབ་པ།
1 ཁྱོད་རྣམས་ཀྱིས་སྙིང་པོ་མེད་པའི་སྐུ་བརྙན་བཟོ་མི་རུང་ཞིང་། བརྐོས་པའི་སྐུ་འདྲ་དང་ལྷ་རྟེན་བསྒྲེང་མི་རུང་ལ། ཁྱོད་རྣམས་ཀྱི་ཡུལ་དུ་རྡོ་སྐུ་བསྒྲེངས་ནས་དེ་ལ་ཕྱག་ཀྱང་མ་འཚལ། ཅི་ལ་ཞེ་ན། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་པའོ། །
2 བདག་གི་ངལ་གསོ་བའི་ཉིན་མོ་རྣམས་བསྲུངས་ནས་བདག་གི་གནས་མཆོག་ལ་གུས་ཤིང་འཇིགས་པར་གྱིས་ཤིག བདག་ནི་ཡ་ཝཱེ་ཡིན་ནོ། །
3 གལ་སྲིད་ཁྱོད་རྣམས་ཀྱིས་བདག་གི་སྒྲིག་ཁྲིམས་བཞིན་བསྒྲུབས་པ་དང་། བདག་གི་བཀའ་རྣམས་བསྲུངས་ནས་དེ་བཞིན་དུ་བྱས་ན།
4 བདག་གིས་ཁྱོད་རྣམས་ལ་དུས་ལྟར་ཆར་པ་གནང་སྟེ་ས་གཞི་ནས་ལོ་ཏོག་སྐྱེ་བ་དང་། ཞིང་ཁའི་སྡོང་པོར་ཤིང་ཏོག་འཐོག་པར་བྱའོ། །
5 ཁྱོད་ཚོས་རྒུན་འབྲུམ་བསྡུ་བའི་བར་དུ་གཡུལ་ཁ་གཅོག་པར་འགྱུར་བ་དང་། ས་བོན་འདེབས་པའི་བར་དུ་རྒུན་འབྲུམ་བསྡུ་བར་འགྱུར་ལ། ཟ་མ་ཟོས་ནས་ལྟོ་བ་འགྲང་ཞིང་། ཁྱོད་ཅག་རང་གི་ཡུལ་དུ་བདེ་བར་གནས་པའོ། །
6 བདག་གིས་ཁྱོད་ཚོའི་ཡུལ་དུ་ཞི་བདེ་གནང་ནས་མལ་དུ་ཉལ་བའི་དུས་སུ་ཁྱོད་ལ་འཇིགས་སྐུལ་མཁན་མེད་པར་བྱ། བདག་གིས་ཁྱོད་ཚོའི་ཡུལ་ནས་གཅན་གཟན་གཏུམ་པོ་རྣམས་མེད་པར་བྱེད་ཅིང་། རལ་གྲི་ཅན་རྣམས་ཡུལ་འདི་བརྒྱུད་ནས་འགྲོ་བར་མི་བྱའོ། །
7 ཁྱོད་ཚོས་དགྲ་རྣམས་འདེད་པར་བྱེད་ཅིང་། དེ་དག་ཁྱོད་རྣམས་ཀྱི་རལ་གྲིའི་ཁ་ནས་འགྱེལ་བར་འགྱུར།
8 ཁྱོད་ཚོ་མི་ལྔ་ཡིས་མི་བརྒྱ་འདེད་པ་དང་། ཁྱོད་ཚོ་མི་བརྒྱ་ཡིས་མི་ཆིག་ཁྲི་འདེད་ཅིང་། དགྲ་རྣམས་ཁྱོད་ཀྱི་མདུན་དུ་རལ་གྲིའི་ཁ་ནས་འགྱེལ་བར་འགྱུར་རོ། །
9 བདག་གིས་ཁྱོད་རྣམས་ལ་བདག་སྐྱོང་བྱས་ཏེ་འབྲས་ལྡན་གྱི་རྒྱུད་མང་པོ་འཕེལ་བར་བྱེད་ཅིང་། བདག་གི་ཁ་ཆད་ཀྱང་ཁྱོད་རྣམས་བར་དུ་བརྟན་པར་བྱའོ། །
10 ཁྱོད་ཚོས་གསོག་ཉར་བྱས་པའི་འབྲུ་རྙིང་བཟའ་ཞིང་། ཡང་འབྲུ་གསར་བྱུང་བའི་རྐྱེན་གྱིས་འབྲུ་རྙིང་གཙང་བཤེར་བྱེད་པར་འགྱུར།
11 བདག་གིས་རང་གི་གུར་མཆོག་ཁྱོད་ཚོའི་དཀྱིལ་དུ་འཛུགས་པ་དང་། བདག་གི་སེམས་ནས་ཁྱོད་ཚོར་སྡང་བར་ཡང་མི་བྱའོ། །
12 བདག་ནི་ཁྱོད་ཅག་གི་ཁྲོད་ནས་འགྲོ་འོང་བྱེད་ཅིང་ཁྱོད་ཚོའི་དཀོན་མཆོག་བྱེད་པ་དང་། ཁྱོད་ཅག་ནི་བདག་གི་འབངས་མི་ཡིན་པར་འགྱུར་རོ། །
13 བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་པ་དང་། ཁྱོད་རྣམས་ཨེ་ཅིབ་པ་རྣམས་ཀྱི་བྲན་གཡོག་མི་བྱེད་པའི་ཆེད་དུ། བདག་གིས་ཁྱོད་ཚོ་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་པ་ཡིན། བདག་གིས་ཁྱོད་རྣམས་ཀྱིས་འཁུར་བའི་གཉའ་ཤིང་བཅགས་ཏེ་ཁྱོད་ཚོ་མགོ་ཡར་དགྱེ་ནས་མདུན་དུ་སྐྱོད་ཐུབ་པར་བྱས་སོ། །
བཀའ་མི་བརྩི་མཁན་ལ་ཉེས་ཆད་གཅོད་པ།
14 འོན་ཀྱང་། ཁྱོད་ཀྱིས་བདག་གི་ངག་ལ་མི་ཉན་ཞིང་། བདག་གི་བཀའ་རྣམས་བརྩི་བར་མི་བྱེད་པ་དང་།
15 བདག་གི་སྒྲིག་ཁྲིམས་རྣམས་དོར་ནས་སེམས་སུ་བདག་གི་སྲོལ་ཡིག་རྣམས་ལ་སུན་སྣང་སྐྱེས་ཤིང་། བཀའ་རྣམས་མི་བརྩི་བར་བདག་གི་ཁ་ཆད་རྒྱབ་ཏུ་བསྐྱུར་ན།
16 བདག་གིས་ཁྱོད་ཅག་ལ་འདི་བཞིན་བྱ་སྟེ། ཁྱོད་ལ་འཇིགས་སྣང་དང་གློ་ནད་དང་ཚ་ནད་བཅས་ཕོག་པར་བྱས་ནས། མིག་ཞར་བ་དང་ལུས་ཟུངས་ཟད་པར་འགྱུར། ཁྱོད་རྣམས་ཀྱིས་དོན་མེད་དུ་ས་བོན་འདེབས་པར་འགྱུར་ཏེ། ཅི་ལ་ཞེ་ན། ཁྱོད་ཚོས་བཏབ་པ་རྣམས་དགྲ་ཡིས་ཡོངས་སུ་བཟའ་བར་འགྱུར་རོ། །
17 ཁྱོད་རྣམས་ལ་བདག་གི་གདོང་མདོག་ལོག་སྟེ། ཁྱོད་རྣམས་དགྲ་བོའི་མདུན་དུ་ཕམ་པར་བྱའོ། །ཁྱོད་ཚོར་སྡང་བའི་མི་རྣམས་ཀྱིས་ཁྱོད་ཅག་དབང་དུ་བསྡུ་བ་དང་། ར་མདར་རྒྱུག་མཁན་མེད་ཀྱང་ཁྱོད་རྣམས་འབྲོ་བར་འགྱུར་རོ། །
18 དེ་ལྟར་བྱུང་རྗེས་ཁྱོད་ཅག་གིས་ད་དུང་བདག་གི་ངག་ལ་མི་ཉན་ན། བདག་གིས་ཁྱོད་རྣམས་ཀྱི་སྡིག་པའི་ཕྱིར་ཁྱོད་ཚོར་ཉེས་ཆད་ལྡབ་བདུན་གཅོད་པར་འགྱུར།
19 བདག་གིས་ཁྱོད་རྣམས་ཀྱི་སྟོབས་ཤུགས་ལས་བྱུང་བའི་ང་རྒྱལ་རྡུལ་དུ་བརླག་པར་བྱེད་པ་དང་། ཁྱོད་རྣམས་ཀྱི་ནམ་མཁའ་ལྕགས་ལྟར་མཁྲེགས་ཤིང་། ཁྱོད་ཚོའི་ས་གཞི་ལི་ལྟར་སྲ་བར་བྱའོ། །
20 ཁྱོད་རྣམས་ཀྱི་རྩོལ་ཤུགས་ངལ་བ་དོན་མེད་དུ་འགྲོ་བ་སྟེ། ཁྱོད་ཅག་གི་ས་ཞིང་གིས་ལོ་ཏོག་མི་བསྐྱེད་ལ། ས་སྟེང་གི་སྡོང་པོས་ཀྱང་ཤིང་ཏོག་མི་བསྐྱེད་པ་ཡིན་ནོ། །
21 གལ་སྲིད། ཁྱོད་ཅག་གི་སྤྱོད་པ་སྤྱོད་སྟངས་བདག་དང་རྒྱབ་འགལ་དུ་སོང་ནས་བདག་གི་ངག་ལ་མཉན་མི་འདོད་ན། བདག་གིས་ཁྱོད་རྣམས་ཀྱི་སྡིག་པ་བཞིན་དུ། ལྡབ་བདུན་གྱིས་ཁྱོད་རྣམས་ལ་ཆད་མེད་དུ་བརྡུང་བ་དང་།
22 བདག་གིས་ས་སྟེང་གི་གཅན་གཟན་རྣམས་ཁྱོད་ཅག་གི་ཁྲོད་དུ་གཏོང་ཞིང་། ཁྱོད་ཅག་གི་བུ་ཕྲུག་རྣམས་འཕྲོག་པ་དང་། ཁྱོད་ཅག་གི་ཕྱུགས་ཟོག་རྣམས་བསད་ནས། ཁྱོད་ཅག་གི་མི་གྲངས་ཇེ་ཉུང་དུ་འགྲོ་ཞིང་སྲང་ལམ་རྣམས་སྟོང་བར་བྱའོ། །
23 དེ་ལྟར་བྱུང་རྗེས་ཁྱོད་རྣམས་ཀྱིས་ད་དུང་ངའི་བསླབ་ཁྲིམས་དང་དུ་བླངས་ནས་བདག་གི་ཕྱོགས་སུ་མི་འཁོར་བར། བདག་དང་རྒྱབ་འགལ་དུ་སོང་ན།
24 བདག་ཀྱང་ཁྱོད་དང་རྒྱབ་འགལ་དུ་འགྲོ་ཞིང་། ཁྱོད་རྣམས་ཀྱི་སྡིག་པའི་ཕྱིར་དུ་ལྡབ་བདུན་གྱིས་ཁྱོད་ཅག་ལ་བརྡུང་བར་བྱའོ། །
25 བདག་གིས་རལ་གྲི་ཁྱོད་རྣམས་ལ་ཕོག་པར་བྱས་ནས་ཁྱོད་ཚོ་ཁ་ཆད་དང་འགལ་བར་ལན་འཇལ་རྒྱུ་ཡིན། ཁྱོད་ཚོ་རང་གི་གྲོང་ཁྱེར་རྣམས་སུ་འདུས་པ་ཡིན་ན། བདག་གིས་ཁྱོད་རྣམས་ཀྱི་དཀྱིལ་དུ་ནད་ཡམས་གཏོང་ཞིང་། ཁྱོད་རྣམས་དགྲ་བོའི་ལག་ཏུ་གཏོད་པར་བྱ།
26 བདག་གིས་ཁྱོད་ཅག་ལ་འབྲུ་རིགས་འཐོབ་མཚམས་ཆད་པར་བྱ་ཞིང་། བུད་མེད་བཅུ་ཡིས་ཐབ་ཀ་གཅིག་ཏུ་ཁྱོད་རྣམས་ལ་བག་ལེབ་བསྲེག་ཅིང་། ལྗིད་ཚད་འཇལ་ནས་ཁྱོད་རྣམས་ལ་སྦྱིན་པ་དང་། ཁྱོད་ཚོས་དེ་ཟོས་ཀྱང་འགྲང་བར་མི་འགྱུར་རོ། །
27 དེ་ལྟར་བྱུང་རྗེས་ཁྱོད་ཚོས་ད་དུང་བདག་གི་ངག་ལ་མི་ཉན་པར་བདག་དང་རྒྱབ་འགལ་དུ་སོང་ན།
28 བདག་ཀྱང་ཁྱོད་ལ་ཁྲོ་ཞིང་རྒྱབ་འགལ་དུ་འགྲོ་བར་བྱ་སྟེ། ཁྱོད་རྣམས་ཀྱི་སྡིག་པའི་ཕྱིར་དུ་ལྡབ་བདུན་གྱིས་ཁྱོད་ཅག་ལ་ཆད་པ་གཅོད་པར་བྱའོ། །
29 ཁྱོད་རྣམས་ཀྱིས་རང་གི་བུ་རྣམས་ཀྱི་ཤ་བཟའ་བ་དང་། རང་གི་བུ་མོ་རྣམས་ཀྱི་ཤ་ཡང་བཟའ་བར་འགྱུར།
30 བདག་གིས་ཁྱོད་རྣམས་ཀྱི་མཐོ་གླིང་རྣམས་བརླག་པ་དང་། སྤོས་ཀྱི་མཆོད་ཁྲི་རྣམས་བཤིགས་ནས། ཁྱོད་ཀྱི་ལྷ་རྟེན་རྣམས་ཀྱི་ཞིག་རོའི་སྟེང་དུ་ཁྱོད་རང་གི་བེམ་པོ་རྣམས་གཡུག་པར་བྱེད་ཅིང་། ངའི་སེམས་སུའང་ཁྱོད་རྣམས་ལ་སྡང་བར་གྱུར་ནས།
31 ཁྱོད་ཅག་གི་གྲོང་ཁྱེར་རྣམས་ཞིག་རལ་དུ་འགྱུར་བ་དང་། ཁྱོད་ཚོའི་གནས་མཆོག་རྣམས་སྟོང་པར་བྱེད་ཅིང་། ཁྱོད་ཚོའི་དྲི་བསུང་ཞིམ་པོ་ལའང་བདག་གིས་སྣོམ་པར་མི་བྱ།
32 བདག་གིས་ཡུལ་འདི་སྟོང་པར་བྱེད་ཅིང་། ཐ་ན་ཡུལ་འདི་བཙན་འཛིན་བྱེད་མཁན་དགྲ་བོ་རྣམས་ཀྱང་ཧ་ལས་པར་འགྱུར་རོ། །
33 བདག་གིས་ཁྱོད་ཅག་ནི་མི་རིགས་སོ་སོའི་ཁྲོད་དུ་གཏོར་བ་དང་། རལ་གྲི་བཏོན་ནས་ཁྱོད་རྣམས་འདེད་པར་འགྱུར་ལ། ཁྱོད་ཅག་གི་ཡུལ་ནི་སྟོང་པར་འགྱུར་བ་དང་། ཁྱོད་ཅག་གི་གྲོང་ཁྱེར་རྣམས་ཞིག་རལ་དུ་འགྱུར་རོ། །
34 ཁྱོད་རྣམས་དགྲ་བོའི་ཡུལ་དུ་གནས་པའི་དུས་སུ། ཁྱོད་ཅག་གི་ཡུལ་ནི་སྟོང་པར་ལུས་པའི་ཉིན་མོ་ནས་ཡང་བསྐྱར་ངལ་གསོ་འཐོབ་པར་འགྱུར་ཞིང་། དེ་ནས་ཡུལ་དེར་ངལ་གསོ་འཐོབ་ཅིང་ཡང་བསྐྱར་ངལ་གསོ་བའི་ཉིན་མོ་རོལ་བར་འགྱུར།
35 སྟོང་པར་ལུས་པའི་ཉིན་མོ་ཀུན་ལ་ཡུལ་དེས་ངལ་གསོ་བར་འགྱུར་ཞིང་། དེ་ནི་ཁྱོད་རྣམས་དེར་སྡོད་པའི་དུས་སུ་ཁྱོད་ཀྱིས་ངལ་གསོ་བའི་ཉིན་མོར་ངལ་མ་གསོས་པས་ཡིན་ནོ། །
36 ཁྱོད་རྣམས་ལས་ཤུལ་དུ་ལུས་པ་རྣམས་ལ་མཚོན་ན། བདག་གིས་དགྲ་བོ་རྣམས་ཀྱི་ཡུལ་དུ་དེ་དག་གི་སེམས་སུ་འཇིགས་སྣང་བསྐྱེད་ཅིང་། ཐ་ན་རླུང་གིས་དེད་པའི་ལོ་མའི་ཤག་སྒྲ་ཡིས་ཀྱང་དེ་རྣམས་འབྲོ་བར་བྱེད། ཁོ་ཚོ་རལ་གྲིའི་ཁ་ནས་འབྲོ་བ་ལྟར་འབྲོ་ཞིང་། ར་མདར་རྒྱུག་མཁན་མེད་ནའང་འགྱེལ་བར་འགྱུར།
37 ར་མདར་རྒྱུག་མཁན་མེད་ནའང་དེ་དག་གིས་ཕན་ཚུན་བསྒྱེལ་ཞིང་། རལ་གྲིའི་ཁ་ནས་འབྲོ་བ་དང་མཚུངས། ཁྱོད་རྣམས་ནི་དགྲ་བོའི་མདུན་དུ་ཚུགས་མི་ཐུབ་བོ། །
38 ཁྱོད་ཅག་མི་རྣམས་ལས་རྩ་མེད་དུ་འགྲོ་ཞིང་། དགྲ་བོའི་ཡུལ་དེས་ཁྱོད་རྣམས་ཁྱུར་མིད་གཏོང་ངོ་། །
39 ཁྱོད་ཅག་ལས་ཤུལ་དུ་ལུས་པ་རྣམས་ནི་རང་གི་ནག་ཉེས་ཀྱི་རྐྱེན་གྱིས་དགྲ་བོ་རྣམས་ཀྱི་ཡུལ་དུ་འཕུང་བར་འགྱུར་བ་དང་། མེས་པོ་རྣམས་ཀྱི་ནག་ཉེས་ཀྱི་རྐྱེན་གྱིས་ཀྱང་འཕུང་བར་འགྱུར་རོ། །
40-41 དེ་དག་གིས་བདག་ལ་ཡིད་ཆེས་མི་བྱེད་པར་བདག་དང་རྒྱབ་འགལ་བྱས་པས། བདག་ཀྱང་ཁོ་ཚོ་དང་རྒྱབ་འགལ་དུ་འགྲོ་ཞིང་། ཁོ་ཚོ་དགྲ་བོའི་ཡུལ་དུ་འཁྲིད་པ་ཡིན། དེའི་དུས་སུ་ཁོ་རྣམས་ཀྱི་མཚན་སྐྱི་བཅད་མེད་པ་ལྟ་བུའི་སེམས་ཁེངས་སྐྱུང་བྱས་ནས། ཁོ་ཚོས་རང་གི་ནག་ཉེས་ཀྱི་ཆད་པ་ཁུར་ཏེ། རང་རང་གི་ནག་ཉེས་དང་མེས་པོ་རྣམས་ཀྱི་ནག་ཉེས་ཁས་བླངས་ན།
42 བདག་གིས་ང་དང་ཡ་ཀོབ་བར་གྱི་ཁ་ཆད་དང་། ང་དང་ཨི་སཱག་བར་གྱི་ཁ་ཆད་དང་། ང་དང་ཨབ་ར་ཧམ་བར་གྱི་ཁ་ཆད་བཅས་དྲན་པར་བྱེད་ཅིང་། ཡུལ་འདི་ཡང་དྲན་པར་བྱའོ། །
43 དེ་དག་གིས་ཡུལ་ཁམས་ཡོངས་སུ་དོར་བ་དང་། ཁོ་རྣམས་མེད་པས་སྟོང་པར་ལུས་པའི་དུས་སུ། ཡུལ་དེར་ཡང་བསྐྱར་ངལ་གསོ་འཐོབ་དགོས། ཁོ་ཚོས་ནག་ཉེས་ཀྱི་ཆད་པ་དང་དུ་བླངས་པ་སྟེ། དེ་དག་གིས་བདག་གི་སྲོལ་ཡིག་སྤངས་ཤིང་། སེམས་སུ་བདག་གི་སྒྲིག་ཁྲིམས་རྣམས་ལ་སུན་སྣང་སྐྱེས་པའི་ཕྱིར་རོ། །
44 འོན་ཀྱང་དེ་ལྟར་ཡིན་ནའང་། དེ་དག་དགྲ་བོ་རྣམས་ཀྱི་ཡུལ་དུ་ཡོད་པའི་སྐབས་སུ། བདག་གིས་ཁོ་ཚོ་མ་དོར་ཞིང་། ཁོ་རྣམས་ལ་སྡང་ནས་རྩ་མེད་དུའང་མ་བཏང་ལ། བདག་དང་ཁོ་རྣམས་བར་གྱི་ཁ་ཆད་ཀྱང་འདོར་བར་མ་བྱས། ཅི་ལ་ཞེ་ན། བདག་ནི་དེ་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ཡིན་པའོ། །
45 བདག་ནི་དེ་དག་གི་དཀོན་མཆོག་ཡིན་པའི་ཆེད་དུ་བདག་གིས་མི་རིགས་རྣམས་ཀྱི་མཐོང་ལམ་དུ། དེ་དག་གི་མེས་པོ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རོལ་ཏུ་ཁྲིད་འོངས་ནས། ངས་དེ་དག་གི་མེས་པོ་རྣམས་ཀྱི་ཁ་ཆད་དྲན་པར་བྱའོ། །བདག་ནི་ཡ་ཝཱེ་ཡིན་ཞེས་པའོ་གསུངས་སོ།།
46 དེ་དག་ནི་དཀོན་མཆོག་ཡ་ཝཱེས་རི་བོ་སི་ནཱ་རུ་མོ་ཤེ་བརྒྱུད་དེ་ཡེས་ར་ཨེལ་པ་རྣམས་ལ་བཙུགས་པའི་སྒྲིག་ཁྲིམས་དང་། སྲོལ་ཡིག བཀའ་ཁྲིམས་བཅས་ཡིན་ནོ། །