ལེའུ་ཉེར་གཉིས༌པ།
ངོ་ལོག་པ་ཡུ་དཱའི༌སྐོར།
སྐྱུར་མེད་བག་ལེབ་ཀྱི་དུས་ཆེན་ཏེ་པེ་སག་གི་དུས་ཆེན་ཟེར་བ་སླེབས་ལ་ཉེ་བའི་དུས༌སུ། མཆོད་དཔོན་ཆེན་པོ་དག་དང་མཁན་པོ་རྣམས་མི་སེར་ལ་འཇིགས་ཏེ་སྐྱབས་མགོན་ཡེ་ཤུ་ཇི་ལྟར་དགྲོང་བར་བྱེད་པའི་ཐབས་བཙལ༌ཏོ།།
བདུད་སཱ་ཏན་ཐུགས་སྲས་བཅུ་གཉིས་ལས་ཨི་སི་ཀར་རེའི་ཡུ་དཱའི་སེམས་ནང་དུ་ཞུགས༌ཏེ། མཆོད་དཔོན་ཆེན་པོ་རྣམས་དང་མཆོད་ཁང་སྲུང་བའི་དམག་དཔོན་རྣམས་ཀྱི་དྲུང་དུ་སོང་ནས་སྐྱབས་མགོན་ཡེ་ཤུ་ཇི་ལྟར་དེ་དག་ལ་སྤྲོད་པར་གྲོས་བྱས། དེ་དག་ཤིན་ཏུ་དགའ་ནས་ཡུ་དཱ་ལ་དངུལ་སྟེར་བར་ཡིད་འཐད་བྱུང་། ཡུ་དཱས་ཀྱང་ཁས་བླངས་ནས་མི་ཚོགས་མེད་པའི་དུས་སུ་སྐྱབས་མགོན་ཡེ་ཤུ་དེ་དག་གི་ལག་ཏུ་ཇི་ལྟར་སྤྲོད་པའི་གོ་སྐབས་བཙལ༌ཏོ།།
གཙོ་བོ་ཡེ་ཤུའི་རྗེས་དྲན་གྱི་ཞལ་ཟས།
པེ་སག་གི་ལུ་གུ་བཤའ་དགོས་པའི་སྐྱུར་མེད་བག་ལེབ་དུས་ཆེན་གྱི་ཉིན་མོ་དེ་སླེབས་པ༌དང༌། སྐྱབས་མགོན་ཡེ་ཤུས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་མངགས༌ཏེ། བདག་ཅག་གིས་པེ་སག་གི་གསོལ་སྟོན་རོལ་ཕྱིར་ཁྱོད་གཉིས་སྟ་གོན་བྱེད་དུ་སོང་ཞེས་བཀའ་གནང་ངོ༌།། དེ་གཉིས་ན༌རེ། ངེད་གཉིས་ཀྱིས་གནས་གང་དུ་སྟ་གོན་བྱེད་དགོངས་སམ་ཞེས་ཞུས་པ༌ན། 10 ཡང་ཁོང་གིས་འདི་སྐད༌དུ། ཁྱོད་གཉིས་གྲོང་ཁྱེར་ནང་དུ་སླེབས༌རྗེས། དེ་རུ་ཆུ་བུམ་འཁྱེར་བའི་སྐྱེས་པ་ཞིག་ཚུར་ཡོང་བར་འགྱུར་ཞིང་དེའི་རྗེས་སུ་འབྲངས་ནས་ཁྱིམ་དེར་སོང༌སྟེ། 11 ཁྱིམ་དེའི་བདག་པོ༌ལ། སློབ་དཔོན་གྱིས་ཁྱོད་ལ་འདི་སྐད་གསུངས་ཏེ། ང་དང་ཐུགས་སྲས་རྣམས་ཀྱིས་མཉམ་དུ་པེ་སག་གི་ཞལ་ཟས་བཞེས་སའི་འགྲུལ་ཁང་དེ་གང་དུ་ཡོད་ཅེས་ཤོད༌ཅིག 12 དེས་ཀྱང་ཁྱོད་གཉིས་ལ་ཅ་ལག་ཁ་ཚང་ཡོད་པའི་ཐོག་ཁང་ཆེན་པོ་ཞིག་སྟོན༌སྲིད། ཁྱོད་གཉིས་ཀྱིས་གནས་དེ་རུ་སྟ་གོན་བྱོས་ཤིག་ཅེས་གསུངས༌ཤིང༌། 13 ཐུགས་སྲས་གཉིས་པོ་སོང་སྟེ་ཁོང་གིས་གསུངས་པ་བཞིན་མཐོང་ཞིང་གནས་དེ་རུ་པེ་སག་གི་གསོལ་སྟོན་བཤམས༌སོ།།
14 དུས་དེ་ལ་སླེབས༌པའི་ཚེ། སྐྱབས་མགོན་ཡེ་ཤུ་དང་སྐུ་ཚབ་པ་རྣམས་མཉམ་དུ་གནས་དེར་གྲལ་ལ་བཞུགས༌ཤིང༌། 15 ཁོང་གིས་འདི་སྐད༌དུ། ངས་སྡུག་བསྔལ་མ་མྱང་བའི་སྔོན་ལ་ཁྱོད་ཅག་དང་ལྷན་དུ་པེ་སག་གི་གསོལ་སྟོན་འདི་ལོངས་སུ་སྤྱོད་འདོད་ཤིན་ཏུ༌ཆེ། 16 བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། དཀོན་མཆོག་གི་རྒྱལ་སྲིད་ནས་པེ་སག་གི་གསོལ་སྟོན་གྱི་དོན་དེ་འགྲུབ་རག་བར་དུ་ངས་གསོལ་སྟོན་འདི་ལོངས་སུ་མི་སྤྱོད་ཅེས་གསུངས་སོ།། 17 ཁོང་གིས་ཕོར་བ་ཕྱག་ཏུ་བསྣམས་ཏེ་བཀའ་དྲིན་ཞུས་རྗེས་འདི་སྐད༌དུ། ཁྱོད་རྣམས་ཀྱིས་ཕོར་བ་འདི་ལོངས་ལ་བགོས་ཏེ་ཐུངས༌ཤིག 18 བདག་གིས་ཁྱོད་རྣམས་ལ་སྨྲ་བར་བྱ༌སྟེ། ད་ནས་བཟུང་། དཀོན་མཆོག་གི་རྒྱལ་སྲིད་སླེབས་རག་བར༌དུ། ངས་རྒུན་འབྲུམ་གྱི་ཁུ་བ་འདི་འཐུང་བ་མིན་ཞེས་གསུངས༌ཤིང༌། 19 ཡང་ཁོང་གིས་ཕྱག་ཏུ་བག་ལེབ་བསྣམས་ཤིང་བཀའ་དྲིན་ཞུས་རྗེས་དུམ་བུར་བགོས་ནས་ཐུགས་སྲས་རྣམས་ལ་གནང་སྟེ་འདི་སྐད༌དུ། འདི་ནི་བདག་གི་ལུས་པོ་ཡིན་ཏེ་ཁྱོད་རྣམས་ཀྱི་ཆེད་དུ་སྦྱིན་པ༌ཡིན། ང་རང་རྗེས་སུ་དྲན་པའི་ཕྱིར་ཁྱོད་རྣམས་ཀྱིས་ཀྱང་འདི་ལྟར་བྱོས་ཤིག་ཅེས་གསུངས་སོ།། 20 ཡང་ཞལ་ཟས་བཞེས་ཚར་རྗེས་ཁོང་གིས་སྔར་བཞིན་ཕོར་བ་ཕྱག་ཏུ་བསྣམས་ཏེ་འདི་སྐད༌དུ། ཕོར་བ་འདི་ནི་བདག་གི་ཁྲག་གིས་བཞག་པའི་ཞལ་ཆད་གསར་པ་ཡིན་ཞིང་ཁྱོད་རྣམས་ཀྱི་དོན་དུ་བཞུར༌བ་ཡིན། 21 ལྟོས༌དང༌། བདག་ལ་ངོ་ལོག་བྱེད་མཁན་གྱི་ལག་པ་དེའང་ང་རང་དང་མཉམ་དུ་ཅོག་ཙེའི་སྟེང་དུ་མཆིས། 22 མིའི་བུ་ནི་སྔར་ཐག་གིས་བཅད་པ་བཞིན་གཤེགས་དགོས༌ཀྱང༌། མིའི་བུ་ལ་ངོ་ལོག་བྱེད་མཁན་དེར་ཆག་སྒོ་འབྱུང་བར་ངེས་ཞེས་གསུངས་སོ།། 23 ཐུགས་སྲས་རྣམས་ཀྱིས་ཕན་ཚུན་ལ་སུ་ཞིག་གིས་དོན་འདི་བྱེད་པར་འགྱུར་རམ་ཞེས་དྲིས༌སོ།།
24 དེ་ནས་ཐུགས་སྲས་རྣམས་ལས་སུ་ཞིག་མཆོག་ཏུ་གྱུར་པ་ཡིན་པར་རྩོད་གླེང་བྱུང་བ༌དང༌། 25 སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཕྱི་ཕྱོགས་ཀྱི་རྒྱལ་པོ་དག་གིས་མི་དེ་རྣམས་ལ་དབང་བྱེད༌དེ། དབང་སྒྱུར་མཁན་རྣམས་ལ་བཀའ་དྲིན་ཅན་ཟེར༌ཡང༌། 26 ཁྱོད་རྣམས་ཀྱིས་དེ་ལྟར་བྱ་མི་རུང༌སྟེ། ཁྱོད་རྣམས་ལས་སུ་ཞིག་ཆེ་ཤོས་ཡིན་པ་དེ་ལོ་ན་ཆུང་ཤོས་དང་འདྲ༌ཞིང༌། སུ་ཞིག་འགོ་དཔོན་ཡིན་པ་དེ་ཞབས་ཕྱི་བྱེད་མཁན་དང་འདྲ་བར་གྱུར༌ཅིག 27 གསོལ་བ་བཞེས་མཁན་དང་ཞབས་ཕྱི་བྱེད་མཁན་གཉིས་ལས་གང་ཞིག༌ཆེའམ། དོན་དམ་དུ་གསོལ་བ་བཞེས་མཁན་དེ་ཆེ་བ་མ་ཡིན༌ནམ། འོན༌ཀྱང༌། ང་རང་ནི་ཁྱོད་རྣམས་ཀྱི་ཁྲོད་དུ་ཞབས་ཕྱི་བྱེད་མཁན་ཞིག་དང༌འདྲ་བ་ཡིན། 28 བདག་ལ་དཀའ་སྡུག་བྱུང་བའི་དུས༌སུ། ཁྱོད་རྣམས་རྒྱུན་དུ་བདག་དང་ལྷན་དུ་བསྡད༌པས། 29 བདག་གི་ཡབ་ཀྱིས་ང་ལ་རྒྱལ་སྲིད་སྤྲད་པ་ལྟར་བདག་གིས་ཀྱང་ཁྱོད་རྣམས་ལ་སྤྲོད་པར་བྱེད༌དེ། 30 ཁྱོད་རྣམས་ཀྱིས་བདག་གི་རྒྱལ་སྲིད་དུ་ངའི་མདུན་ཅོག་སྟེང་ནས་བཟའ་བཏུང་སྤྱོད༌ཅིང༌། བཞུགས་ཁྲིར་བསྡད་ནས་ཡེས་ར་ཨེལ་རིགས་ཀྱི་ཚོ་ཁག་བཅུ་གཉིས་ལ་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པར་འགྱུར་རོ༎
31 སི་མོན། སི་མོན་ཁྱོད་ཀྱིས་ལྟོས༌དང༌། བདུད་སཱ་ཏན་གྱིས་ཁྱོད་རྣམས་གྲོ་འཚག་པ་ལྟར་བྱེད་ཆེད་ཁྱོད་ཅག་འཐོབ་འདོད་ནའང༌། 32 བདག་གིས་ཁྱོད་ཀྱི་དད་པ་མི་ཉམས་པའི་ཕྱིར་དཀོན་མཆོག་ལ་གསོལ་བ་བཏབ༌ཅིང་། ཡང་ཁྱོད་ཀྱིས་སེམས་བསྒྱུར་བའི་རྗེས་སུ་རང་གི་སྤུན་རྣམས་ཀྱི་དད་སེམས་བརྟན་པར་གྱིས་ཞེས་གསུངས་པ༌དང༌། 33 པེ་ཏྲོ་ན༌རེ། གཙོ་བོ༌ལགས། བདག་ནི་ཁྱེད་དང་ལྷན་དུ་བཙོན་དུ་འགྲོ་བ་དང་འཆི་བ་ཉམས་སུ་མྱང་དགོས་ཀྱང་འགྱོད་པ་མེད་ཅེས་ཞུས་སོ།། 34 ཡང་ཁོང་གིས་འདི་སྐད༌དུ། པེ༌ཏྲོ། ངས་ཁྱོད་ལ་སྨྲ་བར་བྱ༌སྟེ། དེ་རིང་བྱ་ཕོ་མ་གྲགས་པའི་སྔོན་དུ། ཁྱོད་ཀྱིས་ང་རང་ངོ་མི་ཤེས་ཞེས་ཐེངས་གསུམ་ལ་སྨྲ་བར་ངེས་ཞེས་གསུངས༌སོ།།
35 ཡང་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། དེ་སྔོན་བདག་གིས་ཁྱོད་རྣམས་དངུལ་ཁུག་དང་ཁུག༌མ། བསིལ་ལྷམ་བཅས་མེད་པར་ཕྱི་རུ་མངགས༌དུས། མི་འདང་ས་ཅི་ཡོད་དམ་ཞེས་དྲིས་པ༌ན། ཐུགས་སྲས་རྣམས་ཀྱིས་ཅི་ཡང་མེད་ཅེས་ཞུས་སོ།། 36 ཡང་ཁོང་གིས་འདི་སྐད༌དུ། འོན་ཀྱང་ད་ལྟ་དངུལ་ཁུག་དང་ཁུག་མ་སོགས་ཡོད་ན་ཁྱེར༌དང༌། རལ་གྲི་མེད་པ་རྣམས་ཀྱིས་རང་གི་གྱོན་པ་བཙོངས་ཏེ་རལ་གྲི་ཉོས༌ཤིག 37 བདག་གིས་ཁྱོད་རྣམས་ལ་སྨྲ་བར༌བྱ་སྟེ། གསུང་རབ་ཀྱི་མདོ་ལས་ཁོང་ནི་ཉེས་ཅན་གྱི་གྲས་སུ་བརྩིས་པ་ཡིན་ཞེས་གསུངས་པ་འདི་ནི་བདག་གི་སྟེང་དུ་འགྲུབ་དགོས༌ཤིང༌། བདག་གི་སྐོར་ལ་བཀོད་ཡོད་པ་དེའང་འགྲུབ་པར་ངེས་ཞེས་གསུངས་ལ། 38 ཐུགས་སྲས་རྣམས་ན༌རེ། གཙོ་བོ༌ལགས། ཁྱེད་ཀྱིས་གཟིགས༌དང༌། འདིར་རལ་གྲི་གཉིས་ཡོད་ཅེས་ཞུས་པ་ལ། ཁོང་གིས་དེ་སྐྱུར་ཅིག་ཅེས་གསུངས༌སོ།།
སྐྱུ་རུ་རའི་རི་བོར་གསོལ་བ་འདེབས༌པ།
39 སྐྱབས་མགོན་ཡེ་ཤུ་སྔར་བཞིན་ཕྱི་རོལ་ཏུ་བྱོན་ནས་སྐྱུ་རུ་རའི་རི་བོར་ཕེབས་ཤིང་ཐུགས་སྲས་རྣམས་ཀྱང་རྗེས་སུ་འབྲངས་པ་རེད། 40 གནས་དེར་སླེབས་པ་དང་ཁོང་གིས་ཐུགས་སྲས་རྣམས་ལ་འདི་སྐད༌དུ། ཁྱོད་རྣམས་ཉམས་ཚོད་ཀྱི་འོག་ཏུ་མི་ཚུད་པའི་ཕྱིར་གསོལ་བ་ཐོབས་ཞེས་གསུངས༌ཤིང༌། 41 ལག་རྡོ་འཕེན་ཐེངས་ཤིག་གི་རིང་ཚད་ཀྱི་གནས་ལ་ཕེབས༌ཏེ། པུས་མོ་སར་བཙུགས༌ནས། 42 ཀྱེ། བདག་གི་ཡབ་ལགས། ཁྱེད་ཐུགས་དགྱེས་ན་བདག་ལས་ཕོར་བ་འདི་ཕྱིར་ལེན་པར༌མཛོད། འོན་ཀྱང་བདག་གི་བསམ་དོན་བཞིན་དུ་མི་འགྲུབ་པར་ཁྱེད་ཀྱི་དགོངས་པ་བཞིན་དུ་གྲུབ་གྱུར་ཅིག་ཅེས་གསོལ་བ་བཏབ། 43 ནམ་མཁའི་ཞིང་ཁམས་ལས་ཕོ་ཉ་ཞིག་ཁོང་གི་དྲུང་དུ་སླེབས་ཏེ་ཁོང་ལ་མཐུ་སྟོབས་བསྩལ༌ཏོ།། 44 ཡང་ཁོང་གི་ཐུགས་ཤིན་ཏུ་སྐྱོ་བར་གྱུར་ཏེ་གསོལ་བ་ཤུགས་དྲག་ཏུ་བཏབ་ཅིང་། ཁོང་གི་སྐུ་ལས་བཞུར་བའི་རྔུལ་ཆུ་ཁྲག་ཐིགས་བཞིན་ས་ལ་ཟགས་སོ།། 45 ཁོང་གིས་གསོལ་བ་བཏབ་པའི་རྗེས་སུ་ཡར་བཞེངས་ཏེ་ཐུགས་སྲས་རྣམས་ཀྱི་གམ་དུ་ཕེབས་པ༌ན། དེ་རྣམས་སེམས་སྡུག་ཆེན་པོའི་དབང་གིས་གཉིད་དུ་ཡུར་བ་གཟིགས༌ཏེ། 46 འདི་སྐད༌དུ། ཁྱོད་རྣམས་ཅིའི་ཕྱིར་གཉིད་དུ་ཡུར་བ་ཡིན༌ནམ། ཁྱོད་རྣམས་ཉམས་ཚོད་ཀྱི་འོག་ཏུ་མི་ཚུད་པའི་ཕྱིར་ཡར་ལོངས་ལ་གསོལ་བ་ཐོབས་ཤིག་ཅེས་གསུངས༌སོ།།
སྐྱབས་མགོན་ཡེ་ཤུ་འཛིན་བཟུང་བྱས་པ།
47 སྐྱབས་མགོན་ཡེ་ཤུས་དེ་ལྟར་གསུང་བཞིན་པའི་སྒང་ལ། ལྟོས་དང་། མི་སྐོར་ཞིག་གནས་དེར་སླེབས་པ་དང་ཁོང་གི་ཐུགས་སྲས་བཅུ་གཉིས་ལས་ཡུ་དཱ་ཟེར་བ་དེ་སྔོན་དུ་འགྲོ་བ༌དང༌། སྐྱབས་མགོན་ཡེ་ཤུ་ལ་འོ་བྱེད་པའི་ཕྱིར་ཁོང་གི་དྲུང་དུ་བཅར། 48 འོན༌ཀྱང༌། སྐྱབས་མགོན་ཡེ་ཤུས་འདི་སྐད༌དུ། ཡུ༌དཱ། ཁྱོད་ཀྱིས་བདག་ལ་འོ་བྱས་ནས་མིའི་བུ་ལ་ངོ་ལོག་བྱེད་དམ་ཞེས་གསུངས་སོ།། 49 ཐུགས་སྲས་རྣམས་ཀྱིས་ཅི་ཞིག་འབྱུང་རྒྱུ་ཡིན་པ་མཐོང་སྟེ་ན༌རེ། གཙོ་བོ༌ལགས། རལ་གྲིས་རྒྱག་རུང་ངམ་ཞེས་ཞུས་སོ།། 50 ཐུགས་སྲས་རྣམས་ལས་གཅིག་གིས་མཆོད་དཔོན་ཆེན་པོའི་གཡོག་པོར་རལ་གྲིས་བརྒྱབ་ནས་རྣ་བ་གཡས་པ་བཅད༌པ་དང་། 51 སྐྱབས་མགོན་ཡེ་ཤུས་ཐུགས་སྲས་དེ་ལ་དེ་ལྟར་མ་བྱེད་སྐྱུར་ཞོག་ཅེས་གསུངས་ཤིང་མི་དེའི་རྣ་བར་རེག་སྟེ་སོས་པར་མཛད་དོ།། 52 ཡང་ཁོང་གིས་རང་ཉིད་འཛིན་དུ་ཡོང་བའི་མཆོད་དཔོན་ཆེན་པོ་རྣམས་དང་མཆོད་ཁང་སྲུང་བའི་དམག༌དཔོན་དང་དཔོན་རིགས་རྒན་པོ་རྣམས་ལ་འདི་སྐད༌དུ། ཁྱོད་ཅག་གིས་རལ་གྲི་དང་དབྱུག་པ་བཟུང་ནས་ཇག་པ་འཛིན་པ་ལྟར་འདིར་ཡོང༌ངམ། 53 བདག་ནི་ཉིན་རེ་བཞིན་མཆོད་ཁང་ནང་དུ་ཁྱོད་ཅག་དང་མཉམ་དུ་སྡོད་སྐབས། ཁྱོད་ཅག་གིས་ང་རང་མ་བཟུང༌མོད། འོན་ཀྱང་ད་ལྟ་ནི་ཁྱོད་ཅག་གི་དུས་ལ་བབས་ཤིང་མུན་པས་དབང་བཟུང་བ་ཡིན་ཞེས་གསུངས༌སོ།།
པེ་ཏྲོ་སྐྱབས་མགོན་ཡེ་ཤུའི་ཐུགས་དང་འགལ་བ།
54 སྐྱབས་མགོན་ཡེ་ཤུ་བཟུང་སྟེ་མཆོད་དཔོན་ཆེན་པོའི་ཁང་ཆེན་དུ་ཁྲིད་པ་དང་། པེ་ཏྲོའང་རྒྱང་རིང་ནས་ཁོང་གི་རྗེས་སུ་འབྲངས་ཤིང་། 55 དེ་རྣམས་ཀྱིས་ཁང་ཆེན་དེའི་ར་བའི་དཀྱིལ་ནས་མེ་སྦར་ཞིང་ལྷན་དུ་བསྡད་པ༌ན། པེ་ཏྲོ་ཡང་དེ་དག་དང་མཉམ་དུ་བསྡད་དོ།། 56 གཡོག་མོ་ཞིག་གིས་མེ་འོད་ལས་པེ་ཏྲོ་བསྡད་ཡོད་པ་མཐོང་ཞིང་ཞིབ་ཏུ་བལྟས༌ཏེ། ཁོ་ཡང་མི་དེ་དང་གྲས་གཅིག་རེད་ཅེས་སྨྲས་པ༌ལ། 57 པེ་ཏྲོ་ན༌རེ། བུད་མེད། ངས་མི་དེ་ངོ་མི་ཤེས་ཞེས་སྨྲས་སོ།། 58 ཅང་མ་འགོར་བར་མི་གཞན་ཞིག་གིས་ཀྱང་པེ་ཏྲོ་མཐོང༌སྟེ། ཁྱོད་རང་ཡང་དེ་རྣམས་དང་གྲས་གཅིག་ཡིན་ཞེས་སྨྲས་པ༌དང༌། པེ་ཏྲོ་ན༌རེ། ཀྱེ་ཧོ། ང་རང་གཏན་ནས་མིན་ཞེས་སྨྲས་སོ།། 59 ཡང་ཆུ་ཚོད་གཅིག་ཙམ་འགོར་རྗེས་མི་གཞན་ཞིག་གིས་ཀྱང་ཁོ་ནི་ག་ལིལ་པ་ཞིག་ཡིན་པས། དངོས་གནས་མི་དེ་དང་གྲས་གཅིག་རེད་ཅེས་ནན་གྱིས་སྨྲས༌ཀྱང༌། 60 པེ་ཏྲོ་ན༌རེ། ཀྱེ་ཧོ། ཁྱོད་ཀྱིས་ཅི་ཞིག་སྨྲ་བ་ངས་མི་ཤེས་ཞེས་སྨྲ་བཞིན་པའི་དུས་སུ་བྱ་ཕོ་གྲགས༌པ་རེད། 61 དུས༌དེར། གཙོ་བོས་ཞལ་ཕྱིར་འཁོར་ནས་པེ་ཏྲོར་གཟིགས་པ༌ན། པེ་ཏྲོས་དེ་མ་ཐག་གཙོ་བོས་དེ་སྔར་ཁོ་ལ་དེ་རིང་ཞོགས་པར་བྱ་ཕོ་མ་གྲགས་པའི་སྔོན༌དུ། ཁྱོད་ཀྱིས་ང་རང་ཐེངས་གསུམ་ལ་ཁས་མི་ལེན་ཞེས་པའི་གསུང་དེ་དྲན༌ཞིང་། 62 ཕྱི་རོལ་ཏུ་སོང་ནས་དྲག་ཏུ་ངུས༌སོ།།
63 སྐྱབས་མགོན་ཡེ་ཤུ་འཛིན་མཁན་རྣམས་ཀྱིས་ཁོང་ལ་འཕྱ་སྨོད་དང་གཅར་རྡུང་བྱེད༌བཞིན། 64 ཁོང་གི་སྤྱན་ཟུང་རས་ཀྱིས་བཏུམས་ཏེ་ན༌རེ། ཁྱོད་ཀྱིས་ལུང་བསྟན་ཤོད་ཅིག ཁྱོད་ལ་རྡུང་རྡེག་བྱེད་མཁན་སུ་ཡིན་ནམ་ཞེས་སྨྲས་སོ།། 65 དེ་རྣམས་ཀྱིས་གཏམ་ངན་གཞན་མང་པོའང་སྨྲས་ཤིང་ཁོང་ལ་དམའ་འབེབས་བྱས༌སོ།།
སྐྱབས་མགོན་ཡེ་ཤུ་དཔོན་ཚོགས་ཀྱི་མདུན་དུ་ཁྲིད༌པ།
66 ནམ་ལངས་མ་ཐག་མཆོད་དཔོན་ཆེན་པོ་རྣམས་དང་། མཁན་པོའི་རིགས་སུ་གཏོགས་པའི་དཔོན་རིགས་ཚོགས་པའི་ཚོགས་མི་རྣམས་མཉམ་དུ་འཛོམས་པ་དང་སྐྱབས་མགོན་ཡེ་ཤུ་དེ་རྣམས་ཀྱི་མདུན་དུ་ཁྲིད༌དེ། 67 ཁྱོད་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ན་ངེད་ཅག་ལ་སྨྲོས་ཤིག་ཅེས་སྨྲས་པ༌ལ། ཁོང་གིས་འདི་སྐད༌དུ། གལ་ཏེ་བདག་གིས་ཁྱོད་ཅག་ལ་སྨྲས་ཀྱང་ཁྱོད་རྣམས་ཡིད་མི་ཆེས༌ལ། 68 ཡང་བདག་གིས་ཁྱོད་ཅག་ལ་དྲི་བ་བཏོན་ནའང་ཁྱོད་ཅག་གིས་ལན་འདེབས་མི་སྲིད། 69 ཕྱིན་ཆད་མིའི་བུ་ཁོང་ཉིད་ཀུན་དབང་དཀོན་མཆོག་གི་གཡས་ཕྱོགས་སུ་སྡོད་པར་འགྱུར་ཞེས་གསུངས་པ༌དང༌། 70 དེ་རྣམས་ན༌རེ། འོ་ན་ཁྱོད་ནི་དཀོན་མཆོག་གི་སྲས་ཡིན་ནམ་ཞེས་དྲིས་པ༌ལ། ཁོང་གིས་འདི་སྐད༌དུ། ཁྱོད་ཅག་གིས་སྨྲས་པ་བཞིན་ང་རང་ཡིན་ཞེས་གསུངས། 71 ཁོ་རྣམས་ན༌རེ། བདག་ཅག་གིས་ཁོའི་ཁ་ནས་གཏམ་དངོས་སུ་ཐོས་པས་དཔང་པོ་གཞན་དག་དགོས་དོན་མེད་ཅེས་སྨྲས༌སོ།།