ལེའུ་དགུ་པ།
ཡེ་ཧུ་བྱ་བ་ཡེས་ར་ཨེལ་གྱི་རྒྱལ་པོར་བསྐོས་པ།
1 དེ་ཡང་ལུང་སྟོན་པ་ཨེ་ལི་ཤཱས་ལུང་སྟོན་པའི་སློབ་བུ་རྣམས་ལས་གཅིག་བོས་ནས་དེ་ལ། རང་གི་སྐ་རགས་སྡོམས་ལ་སྣུམ་གྱི་བུམ་པ་འདི་ལག་ཏུ་ཐོགས་ནས་གིལ་ཨད་ཀྱི་རཱ་མོད་དུ་སོང་ཞིག
2 ཁྱོད་རང་དེར་སླེབས་པའི་ཚེ། ནིམ་ཤིའི་ཚ་བོའམ་ཡེ་ཧོ་ཤ་ཕད་ཀྱི་བུ་ཡེ་ཧུ་བྱ་བ་ཚོལ་ཞིག སོང་ལ་ཁོའི་སྤུན་རྣམས་ཀྱི་ཁྲོད་ནས་བསླངས་ཏེ་གཟིམ་ཁང་སྦུག་མའི་ནང་དུ་ཁོ་ཁྲིད་པར་གྱིས་ཤིག
3 དེ་ནས་སྣུམ་གྱི་བུམ་པ་འདི་བླངས་ནས་ཁོའི་མགོ་ལ་བླུགས་ཏེ་ཁོ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་ཁྱོད་ལ་སྣུམ་གྱིས་བྱུགས་ཏེ་ཡེས་ར་ཨེལ་གྱི་རྒྱལ་པོར་བསྐོས་པ་ཡིན་གསུངས་སོ་ཞེས་སྨྲས་པའི་རྗེས་སུ་སྒོ་ཕྱེས་ནས་ཕྲོས་དང་དུས་འགྱངས་མི་རུང་ཞེས་གདམས་སོ། །
4 དེ་ནས་ལུང་སྟོན་པ་གཞོན་ནུ་ཞབས་ཕྱི་དེ་གིལ་ཨད་ཀྱི་རཱ་མོད་དུ་སོང་བ་དང་།
5 དེར་སླེབས་པའི་ཚེ་ན། ལྟོས་དང་། དམག་དཔོན་རྣམས་དེ་རུ་བསྡད་ཡོད་པ་དང་། ཁོ་ན་རེ། ཀྱེ་དམག་དཔོན། ཁྱེད་ཀྱི་ཆེད་དུ་ང་ལ་འཕྲིན་ཞིག་ཡོད་སྨྲས་པས། ཡེ་ཧུ་ཡིས། ངེད་རྣམས་ལས་འཕྲིན་སུ་ལ་ཡོད་དྲིས་པའི་ལན་དུ་ཁོས། ཀྱེ་དམག་དཔོན། ཁྱེད་ལ་འཕྲིན་ཞིག་ཡོད་ཅེས་ཞུས་པ་དང་།
6 ཡེ་ཧུ་ལངས་ནས་ཁྱིམ་དུ་སོང་བ་དང་ལུང་སྟོན་པའི་སློབ་བུ་ཡིས་ཁོའི་མགོ་ལ་སྣུམ་བླུགས་ནས་ཁོ་ལ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། བདག་གིས་ཁྱོད་སྣུམ་གྱིས་བྱུགས་ནས་དཀོན་མཆོག་ཡ་ཝཱེའི་འབངས་མི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྐོས་པ་ཡིན།
7 ངས་རང་གི་ཞབས་ཕྱི་ལུང་སྟོན་པ་རྣམས་ཀྱི་ཁྲག་དང་། དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་ཐམས་ཅད་ཀྱི་ཁྲག་ལན་དེ་ཡེ་ཟི་བེལ་གྱི་ལག་ནས་ལེན་པའི་ཕྱིར། ཁྱོད་ཀྱིས་རང་གི་བདག་པོ་ཨ་ཧབ་ཀྱི་ཁྱིམ་ལ་བརྡེགས་ནས་མེད་པར་བཟོ་དགོས།
8 ཨ་ཧབ་ཀྱི་ཁྱིམ་རྒྱུད་ཐམས་ཅད་རྩ་མེད་དུ་འགྲོ་བ་སྟེ། ཡེས་ར་ཨེལ་དུ་རང་དབང་ཅན་ནམ་ཡང་ན་རང་དབང་མེད་པ་གང་ཡིན་ཡང་ངས་ཨ་ཧབ་ཀྱི་ཁྱིམ་རྒྱུད་ལས་ཐམས་ཅད་ཚར་གཅོད་བྱ་སྟེ།
9 ངས་ཨ་ཧབ་ཀྱི་ཁྱིམ་རྒྱུད་དེ་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་དང་། ཨ་ཧི་ཡཱ་ཡི་བུ་པཱ་ཤ་ཡི་ཁྱིམ་རྒྱུད་ལྟ་བུར་བྱེད་པར་འགྱུར་ལ།
10 ཡེ་ཟི་བེལ་ནི་ཡེ་སི་རེ་ཨེལ་གྱི་ཞིང་བར་དུ་ཁྱིས་བཟའ་བར་འགྱུར་ཞིང་། དུར་དུ་འཇུག་མཁན་སུ་ཡང་མེད་ཅེས་སྦྲན་ཏེ་སྒོ་ཕྱེས་ནས་བྲོས་སོ། །
11 དེ་ཡང་ཡེ་ཧུ་ཕྱི་རོལ་ཏུ་ཐོན་ཏེ་རང་གི་བདག་པོའི་འཁོར་རྣམས་ཀྱི་མདུན་དུ་འོངས་པ་དང་། དེ་དག་གིས་ཁོ་ལ་ཐམས་ཅད་བདེ་ལེགས་སམ། སྨྱོན་པ་དེ་ཁྱེད་ཀྱི་རྩར་འོངས་པ་ཅི་ཡིན་ཞེས་དྲིས་པར། ཁོས་དེ་དག་ལ། ཁྱེད་ཅག་མི་དེར་ཆ་རྒྱུས་ཡོད་པ་དང་ཁོས་ཅི་བཤད་པའང་ཤེས་སོ་ཞེས་སྨྲས།
12 ཁོ་ཚོས་དེ་ནི་རྫུན་ཡིན་ཏེ། ཁྱོད་ཀྱིས་ངེད་རྣམས་ལ་ཤོད་ཅིག་ཅེས་པ་ན། ཁོས་དེ་དག་ལ། མི་དེས་འདི་ལྟར་སྨྲས་ཏེ་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་ཁྱོད་སྣུམ་གྱིས་བྱུགས་ཏེ་ཡེས་ར་ཨེལ་གྱི་རྒྱལ་པོར་བསྐོས་སོ་གསུངས་ཞེས་སྨྲས་སོང་ཞེས་པ་ཙམ་གྱིས།
13 དེ་དག་གིས་མགྱོགས་པོར་རང་གི་གོས་ཕུད་ནས་ཁོའི་རྐང་འོག་གི་ཐེམ་སྐས་སུ་བཏིངས་ཏེ། ད་ནི་ཡེ་ཧུ་རྒྱལ་པོ་ལགས་ཞེས་བསྒྲགས་ནས་རྭ་དུང་བུས་སོ། །
ཡེ་ཧུས་ཡོ་རཱམ་དང་ཨ་ཧ་ཟི་ཡཱ་གཉིས་མེད་པར་བཟོས་པ།
14 དེ་ལྟར་ནིམ་ཤིའི་ཚ་བོའམ་ཡེ་ཧོ་ཤ་ཕད་ཀྱི་བུ་ཡེ་ཧུ་ཡིས་ཡོ་རཱམ་ལ་ལྐོག་ཇུས་བཤམས་པ་རེད། སྔོན་ཆད་ཨ་རམ་གྱི་རྒྱལ་པོ་ཧ་ཟཱ་ཨེལ་གྱི་རྐྱེན་གྱིས་ཡོ་རཱམ་དང་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་གིལ་ཨད་ཀྱི་རཱ་མོད་བསྲུངས་ཡོད་ལ།
15 རྒྱལ་པོ་ཡོ་རཱམ་གྱིས་ཨ་རམ་གྱི་རྒྱལ་པོ་ཧ་ཟཱ་ཨེལ་ལ་གཡུལ་འགྱེད་པའི་དུས་སུ། ཨ་རམ་པས་ཁོ་རྨས་པར་བྱས་པའི་རྨ་དྲག་གསོ་བྱེད་དུ་ཁོ་ཡེ་སི་རེ་ཨེལ་དུ་ཕྱིན་པ་ཡིན། དེ་ནས་ཡེ་ཧུ་ཡིས། གལ་ཏེ་ཁྱེད་ཅག་ཡིད་འཐད་ན་སུ་ཡིན་ཡང་གྲོང་ཁྱེར་འདི་ནས་ཐོན་ཏེ་ཡེ་སི་རེ་ཨེལ་ལ་འཕྲིན་བསྐྱལ་དུ་འབྲོ་བར་མ་འཇུག་ཅེས་སྨྲས་ཤིང་།
16 ཡེ་ཧུ་ཤིང་རྟར་བསྡད་དེ་ཡེ་སི་རེ་ཨེལ་གྱི་ཕྱོགས་སུ་ཕྱིན་པ་སྟེ། གང་ལ་ཞེ་ན། དེར་ཡོ་རཱམ་རྨས་ཕོག་ནས་ཉལ་སར་ལྷུང་ཡོད། ཡ་ཧུ་དཱའི་རྒྱལ་པོ་ཨ་ཧ་ཟི་ཡཱ་ཡང་ཡོ་རཱམ་ལ་མར་བལྟ་རུ་སོང་ངོ་། །
17 ཡང་ཡེ་སི་རེ་ཨེལ་གྱི་མཁར་སྟེང་དུ་སོ་པ་ཞིག་ཀྲོང་ངེར་ཡོད་པ་དེས་ཡེ་ཧུའི་དམག་དཔུང་འོང་བ་མཐོང་བས། ངས་དམག་དཔུང་ཞིག་མཐོང་ངོ་ཞེས་སྦྲན་པའི་ལན་དུ་ཡོ་རཱམ་གྱིས། སྐྱ་དམག་ཅིག་བོས་ལ་ཁོ་རྣམས་བསུ་རུ་མངགས་ནས་བདེ་བར་ཡོད་དམ་དྲིས་ཤིག་བསྒོས་པས།
18 མི་དེ་རྟ་ཞོན་ནས་བསུ་རུ་སོང་སྟེ་ཡེ་ཧུ་ལ། རྒྱལ་པོས་བདེ་བར་ཡོད་དམ་ཞེས་འདྲིའོ་ཞེས་ཞུས་པ་ན། ཡེ་ཧུས་ལན་དུ། བདེ་མིན་ཁྱོད་དང་འབྲེལ་བ་ཅི་ཡོད་དམ། ངའི་རྒྱབ་ཏུ་སོང་ཞིག་ཅེས་སྨྲས་པ་ན། ཡང་སོ་པ་དེ་ན་རེ། བང་ཆེན་ནི་དེའི་དྲུང་དུ་ཕྱིན་ཀྱང་ཚུར་ལོག་མ་སོང་ཞེས་ཞུས་པ་དང་།
19 རྒྱལ་པོས་སྐྱ་དམག་གཞན་ཞིག་མངགས་ནས་དེ་དག་གི་རྩར་ཕྱིན་ཏེ་ན་རེ། རྒྱལ་པོས་བདེ་བར་ཡོད་དམ་ཞེས་འདྲིའོ་ཞེས་པ་དང་། ཡེ་ཧུ་ཡིས། བདེ་མིན་ཁྱོད་དང་འབྲེལ་བ་ཅི་ཡོད་དམ། ངའི་རྒྱབ་ཏུ་སོང་ཞིག་ཅེས་སྨྲས་པ་ན།
20 ཡང་སོ་པ་དེས་མི་དེ་ཁོ་ཚོའི་རྩར་ཕྱིན་ཀྱང་ཚུར་ལོག་མ་སོང་། ཡང་ཤིང་རྟ་འདེད་ལུགས་ལ་ལྟོས་ན་ནིམ་ཤིའི་བུ་ཡེ་ཧུ་ཡིན་པ་འདྲ། ཅི་ལ་ཞེ་ན། ཁོས་སྨྱོན་པ་ལྟར་ཤིང་རྟ་འདེད་པ་ཡིན་ཞེས་ཞུས་སོ། །
21 དེ་ནས་ཡོ་རཱམ་གྱིས་ཤིང་རྟ་གྲ་སྒྲིག་བྱོས་ཤིག་ཅེས་བསྒོས་པར། དེ་ཚོས་ཤིང་རྟ་གྲ་སྒྲིག་བྱས་ཤིང་། ཡེས་ར་ཨེལ་གྱི་རྒྱལ་པོ་ཡོ་རཱམ་དང་། ཡ་ཧུ་དཱའི་རྒྱལ་པོ་ཨ་ཧ་ཟི་ཡཱ་གཉིས་རང་རང་གི་ཤིང་རྟར་བསྡད་དེ་ཡེ་ཧུ་བསུ་རུ་སོང་བ་དང་། ཡེ་སི་རེ་ཨེལ་པ་ནཱ་རྦོད་བྱ་བའི་ས་སྐལ་བར་དུ་ཡེ་ཧུ་དང་ཕྲད་པ་རེད།
22 ཡང་ཡོ་རཱམ་གྱིས་ཡེ་ཧུ་མཐོང་བ་ན་ཁོ་ལ། ཀྱེ་ཡེ་ཧུ། བདེ་བར་ཡོད་དམ་དྲིས་པའི་ལན་དུ་ཡེ་ཧུ་ན་རེ། ཁྱོད་ཀྱི་མ་ཡེ་ཟི་བེལ་གྱི་ལོག་གཡེམ་དང་ངན་སྔགས་ནི་འདི་འདྲ་མང་བས། བདེ་བ་ཞིག་ཡོད་སྲིད་དམ་སྨྲས་པ་དང་།
23 ཡོ་རཱམ་གྱིས་ཤིང་རྟ་ཁ་ཕྱིར་བསྐོར་ནས་བྲོས་ཤིང་ཨ་ཧ་ཟི་ཡཱ་ལ། ཀྱེ་ཨ་ཧ་ཟི་ཡཱ། འདི་རུ་གཡོ་སྒྱུ་འདུག་ཅེས་སྨྲས་པ་ལ།
24 ཡེ་ཧུས་གཞུ་འཐེན་ནས་ཡོ་རཱམ་གྱི་སོག་པ་གཉིས་ཀྱི་མཚམས་སུ་མདའ་འཕངས་པས། མདའ་དེས་ཁོའི་སྙིང་བརྟོལ་ཞིང་ཁོ་ཤིང་རྟའི་སྟེང་དུ་འགྱེལ་ཏོ། །
25 དེ་ནས་ཡེ་ཧུས་རང་གི་དམག་དཔོན་པིད་ཀར་ལ། ཁོ་ཡར་ཁྱེར་ལ་ཡེ་སི་རེ་ཨེལ་པ་ནཱ་རྦོད་ཀྱི་ས་སྐལ་དེའི་ཞིང་ཁར་གཡུགས་ཤིག ང་དང་ཁྱོད་གཉིས་ཀྱིས་ཁོའི་ཕ་ཨ་ཧབ་ཀྱི་རྗེས་འབྲངས་ནས་མཉམ་དུ་རྟ་ཞོན་ཏེ་འགྲོ་དུས་སུ། དཀོན་མཆོག་ཡ་ཝཱེས་ཨ་ཧབ་ཀྱི་སྐོར་ལ་སྔར་འདི་ལྟར་བཀའ་ལུང་གནང་བ་ངའི་ཡིད་ལ་དྲན་པའི་ཕྱིར་ཡིན་ཏེ།
26 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁ་སང་ངས་ནཱ་རྦོད་ཀྱི་ཁྲག་དང་ཁོའི་བུ་རྣམས་ཀྱི་ཁྲག་མཐོང་བར་གྱུར་ཏེ། བདག་གིས་ཁྱོད་ལ་ས་སྐལ་འདིའི་སྟེང་ལན་སྤྲོད་པར་བྱ་ཞེས་བཀའ་བསྒྲགས་ཡོད་པའོ། །ད་ནི་ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་བཀའ་བཞིན་དུ་ཁོ་ཁྱེར་ཏེ་ཞིང་ཁར་གཡུགས་ཤིག་ཅེས་བསྒོས་སོ། །
27 དེ་ཡང་ཡ་ཧུ་དཱའི་རྒྱལ་པོ་ཨ་ཧ་ཟི་ཡཱས་དེ་མཐོང་བའི་ཚེ། པེད་ཧ་ཀན་དུ་འཐེན་པའི་ལམ་ནས་བྲོས་སོང་བ་དང་། ཡེ་ཧུས་ཁོ་བདས་ཏེ་མི་རྣམས་ལ་ཁོ་ཡང་སོད་ཅིག་བསྒོས་པར། དེ་དག་གིས་ཡིབ་ལེ་ཨམ་དང་ཉེ་བའི་གུར་བྱ་བའི་ལ་ངོས་སུ་ཤིང་རྟའི་ནང་དུ་ཁོ་ལ་བསྣུན་ཅིང་། ཁོ་མེ་གིད་དོ་རུ་བྲོས་ནས་དེར་ཚེ་ལས་འདས།
28 དེ་ནས་ཁོའི་བློན་འཁོར་རྣམས་ཀྱིས་ཁོ་ཤིང་རྟའི་ནང་ཡེ་རུ་སཱ་ལེམ་དུ་ཁྱེར་ཏེ། དཱ་བིད་ཀྱི་གྲོང་ཁྱེར་དུ་རང་གི་ཕ་མེས་རྣམས་དང་ལྷན་དུ་ཁོའི་དུར་ཁྲོད་དུ་དུར་འཇུག་བྱས་པའོ། །
29 དེ་ཡང་ཨ་ཧབ་ཀྱི་སྲས་ཡོ་རཱམ་གྱིས་རྒྱལ་སྲིད་བཟུང་བའི་ལོ་བཅུ་གཅིག་པར། ཨ་ཧ་ཟི་ཡཱ་ཡིས་ཡ་ཧུ་དཱའི་རྒྱལ་སྲིད་བཟུང་ངོ་། །
ཡེ་ཧུས་ཡེ་ཟི་བེལ་བཀྲོངས་པ།
30 དེ་ནས་ཡེ་ཧུ་ནི་ཡེ་སི་རེ་ཨེལ་དུ་ཕྱིན་པའི་ཚེ་ན། ཡེ་ཟི་བེལ་གྱིས་དེ་ཐོས་ནས་མིག་ལ་མིག་རྩི་བསྐུས་ཤིང་སྐྲ་ཤད་ནས་སྒེའུ་ཁུང་ལས་བལྟས་པ་དང་།
31 ཡེ་ཧུ་རྒྱལ་སྒོའི་ནང་དུ་འཛུལ་བ་ཙམ་གྱིས་ཁོ་མོ་ན་རེ། ཀྱེ་ཟིམ་རེ། རང་གི་བདག་པོ་གསོད་མཁན་ཁྱོད་བདེའམ་སྨྲས་པར།
32 ཡེ་ཧུས་སྒེའུ་ཁུང་གི་ཕྱོགས་སུ་མགོ་བཏེགས་ཏེ་ན་རེ། ངའི་ཕྱོགས་སུ་ཡིན། སུ་ཡིན་ཞེས་དྲིས་མ་ཐག ཉུག་རུམ་པ་གཉིས་གསུམ་གྱིས་ཁོ་ལ་བལྟས་པ་ན།
33 ཁོས་དེ་དག་ལ། ཁོ་མོ་མར་གཡུགས་ཤིག་བསྒོས་པར། དེ་དག་གིས་ཁོ་མོ་མར་གཡུགས་ཤིང་རྩིག་ངོས་དང་རྟ་རྣམས་ཀྱི་ཐོག་ཏུ་ཁོ་མོའི་ཁྲག་ཐོར་བ་དང་། ཁོ་རང་གིས་མོ་རྨིག་བརྫིས་སུ་བཏང་བཅུག་གོ །
34 དེ་ནས་ཡེ་ཧུ་ནང་དུ་འཛུལ་ཏེ་བཟའ་བཏུང་སྤྱད་པ་དང་། དེ་དག་ལ། སོང་ལ་དམོད་པ་ཕོག་པའི་བུད་མེད་དེར་བདག་བྱས་ནས་དུར་དུ་སྦ་བར་གྱིས་ཤིག ཅི་ལ་ཞེ་ན། དེ་ཡང་རྒྱལ་པོའི་སྲས་མོ་ཞིག་ཡིན་ནོ་ཞེས་སྨྲས་པས།
35 དེ་དག་ཁོ་མོ་དུར་འཇུག་བྱེད་དུ་སོང་ཡང་། ཁོ་མོའི་ཐོད་སྐོགས་དང་། རྐང་པ་དང་། ལག་མཐིལ་བཅས་མ་གཏོགས་གཞན་ཅི་ཡང་མ་རྙེད་དོ། །
36 དེའི་ཕྱིར་དེ་ཚོ་ཕྱིར་ལོག་ནས་ཁོ་ལ་སྨྲས་པ་དང་། ཁོ་ན་རེ། འདི་ནི་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་ཞབས་ཕྱི་ཐི་ཞི་པ་ཨེ་ལི་ཡཱའི་ངག་ནས་གསུངས་པའི་བཀའ་བཞིན་ཡིན་ཏེ། ཡེ་སི་རེ་ཨེལ་གྱི་ས་སྟེང་དུ་ཡེ་ཟི་བེལ་གྱི་ཤ་ཁྱིས་བཟའ་བར་འགྱུར་བ་དང་།
37 ཡེ་ཟི་བེལ་གྱི་བེམ་པོ་ནི་ཡེ་སི་རེ་ཨེལ་གྱི་ས་སྐལ་དེའི་ཞིང་ནང་གི་ལུད་ལྟ་བུར་འགྱུར་ཞིང་། མི་སུས་ཀྱང་འདི་ནི་ཡེ་ཟི་བེལ་རེད་ཅེས་པའི་ཚིག་ཙམ་ཡང་སྨྲ་བར་མི་འགྱུར་བའི་ཕྱིར་རོ་ཞེས་སྨྲས་སོ། །