ལེའུ་དྲུག་པ།
མཆོད་ཁང་བཞེངས་པ།
དེ་ཡང་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཐོན་ཏེ་ལོ་བཞི་བརྒྱ་དང་བརྒྱད་ཅུ་ལོན་པ་དང་། སོ་ལོ་མོན་གྱིས་ཡེས་ར་ཨེལ་དུ་སྲིད་བསྐྱངས་པའི་ལོ་བཞི་པའི་ཟླ་གཉིས་པའི་དུས་སུ། * དཀོན་མཆོག་ཡ་ཝཱེའི་མཆོད་ཁང་བཞེང་བའི་འགོ་ཚུགས་པ་ཡིན་ནོ། ། སོ་ལོ་མོན་གྱིས་དཀོན་མཆོག་ཡ་ཝཱེ་ལ་བཞེངས་པའི་མཆོད་ཁང་དེའི་རིང་ཚད་ལ་ཁྲུ་དྲུག་ཅུ་དང་། ཞེང་ལ་ཁྲུ་ཉི་ཤུ་དང་། མཐོ་ཚད་ལ་ཁྲུ་སུམ་ཅུ་ཡོད་དེ། མཆོད་ཁང་མདུན་གྱི་བར་ཁྱམས་ཀྱི་ཞེང་གི་ཆེ་ཆུང་ནི་མཆོད་ཁང་གི་ཞེང་གི་ཆེ་ཆུང་བཞིན་ཁྲུ་ཉི་ཤུ་དང་། དེའི་རིང་ཚད་ནི་མཆོད་ཁང་གི་མདུན་ཕྱོགས་སུ་ཁྲུ་བཅུ་ཡོད་པ་ཞིག་ཡིན་ནོ། ། ཡང་མཆོད་ཁང་གི་སྒེའུ་ཁུང་རྣམས་ནི་ཕྱི་དོག་ལ་ནང་ཁོད་ཡངས་པ་ཞིག་མཛད་དེ། ཚོམས་ཁང་དང་ཕུག་ཁང་གཉིས་ཀྱི་མཐའ་བཞི་སྟེ་མཆོད་ཁང་གི་རྩིག་པར་གཏད་དེ་ཁང་ཆུང་རྣམས་བྱས་སོ། ། ཁང་ཆུང་འོག་མའི་ཞེང་ལ་ཁྲུ་ལྔ་དང་། བར་མའི་ཞེང་ལ་ཁྲུ་དྲུག གོང་མའི་ཞེང་ལ་ཁྲུ་བདུན་བཅས་ཡོད་པ་ཡིན། ཡང་མཆོད་ཁང་གི་རྩིག་པའི་ཕྱི་ལ་ཕྱོགས་བཞིར་ལས་ཁྲི་བཙུགས་པས། ཀླད་རྒྱུག་དག་གི་སྣེ་མོས་མཆོད་ཁང་མི་བརྟོལ་བར་བྱས། མཆོད་ཁང་དེ་བཞེང་བའི་ཚེ་ན། རྡོ་གཡམ་འདོན་སར་འཇམ་ཤ་བཏོད་པའི་རྡོ་རྣམས་ཀྱིས་བརྩིགས་པ་ཡིན་པས། ཐོ་བའམ། སྟ་རེའམ། ལྕགས་ཀྱི་ལག་ཆ་གཅིག་གི་སྒྲའང་ཐོས་པར་མ་གྱུར་ཏོ། ། ཁང་ཆུང་ཞོལ་མའི་སྒོ་ནི་མཆོད་ཁང་གི་གཡས་ཕྱོགས་སུ་བཞག་སྟེ། མི་རྣམས་དུང་འཁྱིལ་དབྱིབས་ཀྱི་སྐས་ཐེམ་ལས་བར་ཁང་དང་། ཡང་བར་ཁང་ནས་ཁང་ཆུང་གསུམ་པ་རུ་འཛེག་ཐུབ་པར་བྱས་སོ། ། དེ་བཞིན་ཁོང་གིས་མཆོད་ཁང་བཞེངས་ནས་གྲུབ་པ་དང་། མཆོད་ཁང་གི་གནམ་གཅལ་ནི་ཐང་ཤིང་གི་གདུང་མ་དང་ཤིང་ལེབ་ཀྱིས་གཡོགས་སོ། ། 10 ཡང་མཆོད་ཁང་ལ་བརྟེན་ནས་བཞེངས་པའི་ཁང་ཆུང་རེ་རེའི་མཐོ་ཚད་ནི་ཁྲུ་ལྔ་རུ་བྱས་ཤིང་། ཐམས་ཅད་ཐང་ཤིང་གི་གདུང་མས་མཆོད་ཁང་དང་སྦྲེལ་བའོ། །
11 དེ་ནས་དཀོན་མཆོག་ཡ་ཝཱེའི་བཀའ་སོ་ལོ་མོན་ལ་བྱུང་བ་ནི་འདི་ལྟ་སྟེ། 12 ཁྱོད་ཀྱིས་བཞེང་བའི་མཆོད་ཁང་འདི་ནི། གལ་ཏེ་ཁྱོད་ཀྱིས་ངའི་སྒྲིག་ཁྲིམས་བཞིན་དུ་བྱེད་ཅིང་། ངའི་ཁྲིམས་སྲོལ་བཞིན་དུ་སྤྱོད་པ་དང་། ངའི་བཀའ་རྒྱ་ཐམས་ཅད་བསྲུངས་ནས་དེ་བཞིན་བྱེད་ན། ངས་ཁྱོད་ཀྱི་ཕ་དཱ་བིད་ལ་ཁས་བླངས་པའི་ཚིག་དེ་ ཁྱོད་ལའང་བསྒྲུབ་པར་བྱ། 13 ང་རང་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་སྡོད་ཅིང་། རང་གི་འབངས་མི་ཡེས་ར་ཨེལ་པ་རྣམས་བསྐྱུར་བར་མི་བྱའོ་ཞེས་གསུངས་སོ། ། 14 དེ་ལྟར་སོ་ལོ་མོན་གྱིས་མཆོད་ཁང་བཞེངས་ནས་འགྲུབ་པར་བྱས་སོ། །
15 ཡང་ཁོང་གིས་མཆོད་ཁང་གི་རྩིག་པའི་ནང་ལོགས་ཀྱི་ངོས་ཧྲིལ་པོ་ཐང་ཤིང་གི་ཤིང་ལེབ་ཀྱིས་གཡོགས་ཤིང་། མཆོད་ཁང་གི་ཐང་ལ་གསོམ་པའི་ཤིང་ལེབ་བཏིངས་པའོ། ། 16 ཡང་ཕུག་ལ་ཁྲུ་ཉི་ཤུ་ཅན་གྱི་མཆོད་ཁང་སྦུག་མ་བཞེངས་པ་དང་། ཐང་ཤིང་གི་ཤིང་ལེབ་ཀྱིས་པང་གཅལ་ནས་ཐོག་ཕུབ་བར་དུ་བརྩིགས་ནས་གནས་དམ་མཆོག་ཏུ་གྲུབ་བོ། ། 17 མཆོད་ཁང་སྦུག་མའི་མདུན་དུ་ཡོད་པའི་ཚོམས་ཁང་དེའི་རིང་ཚད་ལ་ཁྲུ་བཞི་བཅུ་ཡོད་པར་བྱས་ཏེ། 18 མཆོད་ཁང་ནང་གི་རྩིག་ངོས་ཡོངས་སུ་ཐང་ཤིང་གིས་གཡོགས་ཤིང་། དེའི་སྟེང་ལ་ཀུ་བ་དང་བཀྲ་བའི་མེ་ཏོག་བརྐོས་ཏེ། ཐམས་ཅད་ཐང་ཤིང་གིས་བཟོས་པས། རྡོ་གཅིག་ཀྱང་མི་སྣང་ངོ་། ། 19 དཀོན་མཆོག་ཡ་ཝཱེའི་ཞལ་ཆད་ཀྱི་ཤུར་སྒམ་འཇོག་པའི་ཕྱིར། མཆོད་ཁང་གི་སྦུག་ཏུ་མཆོད་ཁང་སྦུག་མ་བཞེངས་པ་དང་། 20 དེའི་རིང་ཚད་ལ་ཁྲུ་ཉི་ཤུ་དང་། ཞེང་ལ་ཁྲུ་ཉི་ཤུ་དང་། མཐོ་ཚད་ལ་ཁྲུ་ཉི་ཤུ་བཅས་ཡོད་པ་ཡིན། དེའི་ནང་ནི་གསེར་བཙོ་མས་བཏུམས་ཏེ། ཐང་ཤིང་གིས་བཟོས་པའི་མཆོད་ཁྲིའང་གསེར་བཙོ་མས་བཏུམས་པའོ། ། 21 སོ་ལོ་མོན་གྱིས་མཆོད་ཁང་གི་ནང་ལོགས་ནི་གསེར་བཙོ་མས་བཏུམས་ཤིང་། མཆོད་ཁང་སྦུག་མའི་ཕྱི་རུ་གསེར་གྱི་ཉག་ཐག་བཟོས་ནས། མཆོད་ཁང་སྦུག་མ་དེ་ཡང་གསེར་གྱིས་བཏུམས་པ་ཡིན་ནོ། ། 22 མཆོད་ཁང་ཧྲིལ་པོ་གསེར་གྱིས་གཡོགས་ཏེ། མཆོད་ཁང་སྦུག་མའི་ནང་དུ་ཡོད་པའི་མཆོད་ཁྲི་ཧྲིལ་པོ་ཡང་གསེར་གྱིས་བཏུམས་སོ། །
23 མཆོད་ཁང་སྦུག་མའི་ནང་དུ་ཁོང་གིས་མཐོ་ཚད་ལ་ཁྲུ་བཅུ་ཡོད་པའི་ཀེ་རུབ་གཉིས་སྐྱུ་རུ་རའི་ཤིང་ལས་བཟོས་ཏེ། 24 ཀེ་རུབ་གཅིག་གི་གཤོག་པ་གཅིག་གི་རིང་ཚད་ལ་ཁྲུ་ལྔ་དང་། དེའི་གཤོག་པ་ཅིག་ཤོས་ཀྱི་རིང་ཚད་ལའང་ཁྲུ་ལྔ་སྟེ། གཤོག་པ་གཅིག་གི་སྣེ་མོ་ནས་གཤོག་པ་ཅིག་ཤོས་ཀྱི་སྣེ་མོའི་བར་དུ་ཁྲུ་བཅུ་ཡིན། 25 ཀེ་རུབ་གཞན་དེའི་གཤོག་པ་གཉིས་ཀྱི་རིང་ཚད་ལའང་ཁྲུ་བཅུ་ཡོད་དེ། ཀེ་རུབ་གཉིས་ཀྱི་ཆེ་ཆུང་དང་གཟུགས་དབྱིབས་ནི་གཅིག་མཚུངས་ཡིན། 26 ཀེ་རུབ་གཅིག་གི་མཐོ་ཚད་ལ་ཁྲུ་བཅུ་དང་། གཞན་དེའི་མཐོ་ཚད་ལ་ཡང་ཁྲུ་བཅུ་ཡོད་པ་ཡིན། 27 ཀེ་རུབ་དེ་གཉིས་ནི་མཆོད་ཁང་སྦུག་མའི་ནང་དུ་བཞག་སྟེ། དེ་དག་གི་གཤོག་པ་བརྐྱངས་ཏེ་ཡོད་པས། གཅིག་གི་གཤོག་པས་རྩིག་པའི་ལོགས་གཅིག་དང་། ཀེ་རུབ་གཞན་དེའི་གཤོག་པས་རྩིག་པའི་ལོགས་གཅིག་ལ་རེག་ཅིང་། དེ་གཉིས་ཀྱི་གཤོག་པ་གཞན་གཉིས་ནི་མཆོད་ཁང་གི་དཀྱིལ་དབུས་སུ་ཕན་ཚུན་འབྲེལ་ནས་ཡོད། 28 ཀེ་རུབ་གཉིས་ཀྱང་གསེར་གྱིས་བཏུམས་པའོ། །
29 ཡང་མཆོད་ཁང་སྦུག་མ་དང་ཚོམས་ཁང་གཉིས་ཀྱི་རྩིག་པ་ཐམས་ཅད་ལ་ཀེ་རུབ་དང་། ཏ་ལའི་ཤིང་དང་། བཀྲ་བའི་མེ་ཏོག་རྣམས་བརྐོས་སོ། ། 30 མཆོད་ཁང་སྦུག་མ་དང་ཚོམས་ཁང་གཉིས་ཀྱི་པང་གཅལ་ཡང་གསེར་གྱིས་བཏུམས་པ་དང་། 31 མཆོད་ཁང་གི་སྒོ་གླེགས་དང་ཡ་ཐེམ་དང་སྒོ་འགྲམ་ལྔ་བཅས་སྐྱུ་རུ་རའི་ཤིང་ལས་བཟོས་པ་ཡིན། 32 སྒོ་གླེགས་གཉིས་ཀ་སྐྱུ་རུ་རའི་ཤིང་ལས་བཟོས་ཤིང་། དེ་གཉིས་ཀྱི་ཁར་ཀེ་རུབ་དང་། ཏ་ལའི་ཤིང་དང་། བཀྲ་བའི་མེ་ཏོག་རྣམས་ཀྱང་བརྐོས་པ་དང་། ཡང་ཀེ་རུབ་དང་ཏ་ལའི་ཤིང་རྣམས་གསེར་གྱིས་གཡོགས་སོ། ། 33 ཡང་ཁོང་གིས་དེ་བཞིན་དུ་ཚོམས་ཁང་གི་སྒོ་ལ་སྐྱུ་རུ་རའི་ཤིང་ལས་སྒོ་འགྲམ་བཞི་བཟོས་སོ། ། 34 གསོམ་ཤིང་གིས་བཟོས་པའི་སྒོ་གཉིས་ནི། སྒོ་གླེགས་གཅིག་ལ་ཤིང་ལེབ་ལྟེབ་མ་གཉིས་ཡོད་ཅིང་། སྒོ་གླེགས་ཅིག་ཤོས་ལའང་ཤིང་ལེབ་ལྟེབ་མ་གཉིས་ཡོད། 35 ཡང་དེ་དག་གི་ཁར་ཀེ་རུབ་དང་། ཏ་ལའི་ཤིང་དང་། བཀྲ་བའི་མེ་ཏོག་རྣམས་བརྐོས་པ་དང་། བརྐོས་རིས་རྣམས་གསེར་གྱིས་དམ་པོར་གཡོགས་སོ། ། 36 མཆོད་ཁང་གི་ར་སྐོར་ནང་མ་དེ་རྡོ་བརྐོས་མ་སུམ་བརྩེགས་དང་། ཐང་ཤིང་ཁེར་བརྩེགས་ཀྱིས་བྱས་སོ། ། 37 སོ་ལོ་མོན་གྱི་སྲིད་ལོ་བཞི་པའི་ཟླ་གཉིས་པའི་དུས་སུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་རྨང་གཞི་བཏིངས་པ་དང་། 38 ལོ་བཅུ་གཅིག་པའི་ཟླ་བརྒྱད་པའི་§དུས་སུ། མཆོད་ཁང་གི་གྲུབ་ཆ་ཀུན་ནི་ཏག་ཏག་དཔེ་བྱད་ཐམས་ཅད་བཞིན་དུ་གྲུབ་པ་སྟེ། སོ་ལོ་མོན་གྱིས་བསྡོམས་པས་བགྲང་བྱ་བདུན་གྱི་རིང་ལ་མཆོད་ཁང་བཞེངས་པའོ། །
* ལེའུ་དྲུག་པ།:1 མ་ཕྱི་ལས་ཟིབ་ཅེས་པའི་ཟླ་བ་སྟེ་ཟླ་གཉིས་པ་ཞེས་བྲིས་ཡོད། ཡེས་ར་ཨེལ་པའི་རྩིས་ནི་རྒྱ་རྩིས་དང་བོད་རྩིས་ལ་མི་མཚུངས་ཏེ། ཡེས་ར་ཨེལ་གྱི་ལོ་སར་ནི་རྒྱ་རྩིས་ཀྱི་ཟླ་གསུམ་པའི་ནང་ཡིན་ལ། ཟླ་གཉིས་པ་ནི་རྒྱ་རྩིས་ཀྱི་ཟླ་བཞི་པ་ནས་ལྔ་པའི་བར་ཡིན་པ་རེད། ཚིག་རྐང་སོ་བདུན་ནང་གི་ཟིབ་ཅེས་པ་ཡང་ཚིག་རྐང་དང་པོ་ལྟར་གོ་དགོས། ལེའུ་དྲུག་པ།:12 སཱ་མུ་ཨེལ་གཉིས་པའི་ལེའུ་བདུན་པར་གཟིགས་རོགས། ལེའུ་དྲུག་པ།:23 ཀེ་རུབ་ཅེས་པ་ནི་གནས་དམ་མཆོག་སྲུང་བའི་ཕོ་ཉ་ཡི་ཚབ་ཅིག་ལ་གོ་བ་ཡིན། § ལེའུ་དྲུག་པ།:38 ཚིག་རྐང་འདིའི་ནང་གི་ཟླ་བརྒྱད་པ་ཞེས་པ་དེ་ཡེས་ར་ཨེལ་པའི་ལུགས་ཀྱི་ཟླ་བརྒྱད་པར་གོ་བ་ལས་རྒྱ་རྩིས་དང་བོད་རྩིས་ཀྱི་ཟླ་བརྒྱད་པར་གོ་བ་མིན། ཟླ་བརྒྱད་པ་ནི་རྒྱ་རྩིས་ཀྱི་ཟླ་བཅུ་ནས་བཅུ་གཅིག་པ་ཡིན།