ལེའུ་བདུན་པ།
ཡེ་རེམ་ཡཱ་ཡིས་མཆོད་ཁང་དུ་བཀའ་བསྒྲགས་པ།
དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། ཁྱོད་རང་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་སྒོ་ཁར་འགྲེང་ནས་དེ་རུ་གཏམ་འདི་སྒྲོགས་ཤིག ཀྱེ་སྒོ་འདི་རྣམས་བརྒྱུད་ནས་དཀོན་མཆོག་ཡ་ཝཱེ་ལ་བསྙེན་བཀུར་བྱེད་དུ་འོངས་པའི་ཡ་ཧུ་དཱ་པ་ཐམས་ཅད་ལགས། དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག་ཅེས་པའོ་ཞེས་གསུངས། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ཁྱོད་རྣམས་ཀྱིས་རང་གི་བྱ་བ་སྤྱོད་པ་བསྒྱུར་ན། བདག་གིས་ཁྱོད་རྣམས་ཡུལ་འདིར་སྡོད་དུ་འཇུག ཁྱོད་རྣམས་རྫུན་གཏམ་ལ་བརྟེན་ནས། འདི་ནི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཡིན། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཡིན། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ཡིན་ཞེས་མ་བརྗོད་ཅིག ཁྱོད་ཚོས་དངོས་གནས་རང་གི་བྱ་བ་སྤྱོད་པ་བསྒྱུར་ཏེ། ཕན་ཚུན་བར་གཟབ་ནན་སྒོས་དྲང་གཞག་སྤྱོད་པ་དང་། བྱེས་སུ་སྡོད་པའི་མི་དང་དྭ་ཕྲུག ཡུགས་མོ་བཅས་ལ་བརྙས་བཅོས་མི་བྱེད་ཅིང་། ཡུལ་འདིར་མི་ཉེས་མེད་ཀྱི་ཁྲག་བཞུར་དུ་མི་འཇུག་པ་དང་། ལྷ་གཞན་རྣམས་ཀྱི་རྗེས་སུ་འབྲངས་ནས་རང་ལ་གནོད་བསྐྱལ་བ་མིན་ན། བདག་གིས་ཁྱོད་རྣམས་ད་དུང་ངས་གནའ་ནས་ཁྱོད་ཅག་གི་མེས་པོ་རྣམས་ལ་ཇི་སྲིད་བར་དུ་གནང་བའི་ཡུལ་འདིར་གནས་པར་བྱའོ། ། འོན་ཀྱང་ལྟོས་ཤིག ཁྱོད་རྣམས་རྫུན་དང་ཕན་ཐོགས་མེད་པའི་སྨྲ་བརྗོད་ལ་བརྟེན་པ་ཡིན། ཁྱོད་རྣམས་ཀྱིས་རྐུ་བྱས་ནས་སྲོག་གཅོད་ཅིང་། ལོག་གཡེམ་བྱེད་པ་དང་། མནའ་རྫུན་མ་བསྐྱལ་བ། པཱ་ཨལ་ལ་སྤོས་བདུག་པ་བཅས་བྱེད་པར་མ་ཟད། རྒྱུས་མི་མངའ་བའི་ལྷ་རྣམས་ཀྱི་རྗེས་སུ་འབྲངས་རྗེས། 10 ཡང་ངའི་མིང་གིས་འབོད་པའི་མཆོད་ཁང་འདིར་འོངས་ནས་བདག་གི་མདུན་དུ་ལངས་བསྡད་དེ་ན་རེ། ངེད་རྣམས་བདེའོ་ཞེས་སྨྲ་ག་ལ་རུང་། ཁྱོད་ཅག་གི་བྱ་སྤྱོད་འདི་ལྟ་བུ་ནི་ཞེན་ཁ་ལོག་པའི་དོན་འདི་རྣམས་སྤྱོད་པའི་ཕྱིར་ཡིན་ནམ། 11 བདག་གི་མིང་གིས་འབོད་པའི་མཆོད་ཁང་འདི་ཁྱོད་ཚོའི་མིག་ནང་དུ་ཇག་ཚང་དུ་བརྩིས་པ་ཡིན་ནམ། ལྟོས་ཤིག བདག་གིས་ཐམས་ཅད་མཐོང་ངོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 12 ཁྱོད་རྣམས་བདག་གིས་དེ་སྔར་རང་གི་མིང་གནས་ས་རུ་བྱས་པའི་ཞི་ལོ་*ཡུལ་དུ་སོང་ལ། ངས་རང་གི་འབངས་མི་ཡེས་ར་ཨེལ་གྱི་སྡིག་ཉེས་ཀྱི་ཕྱིར་གནས་དེར་ཅི་བྱས་པར་ལྟོས་ཤིག 13 ད་ལྟ་ཁྱོད་རྣམས་ཀྱིས་ཀྱང་དོན་འདི་ཐམས་ཅད་བྱས་པའི་ཕྱིར། བདག་གིས་ཁྱོད་རྣམས་ལ་ཉེན་བརྡ་ཡང་ཡང་བཏང་ནའང་ཁྱོད་རྣམས་ཀྱིས་མ་མཉན། བདག་གིས་ཁྱོད་རྣམས་བོས་ཀྱང་ཁྱོད་རྣམས་ཀྱིས་ཨ་ལན་མ་བྱིན་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། 14 དེ་བས་བདག་གིས་ངའི་མིང་གིས་འབོད་པ་དང་ཁྱོད་རྣམས་བརྟེན་སའི་མཆོད་ཁང་འདི་དང་། བདག་གིས་ཁྱོད་ཅག་དང་ཁྱོད་ཅག་གི་མེས་པོ་རྣམས་ལ་གནང་བའི་ཡུལ་ལ་འདི་ལྟར་སྤྱོད་ངེས་ཏེ། སྔར་བདག་གིས་ཞི་ལོ་ལ་ཇི་ལྟར་སྤྱད་པ་བཞིན་དུ་སྤྱོད་པར་འགྱུར། 15 ངས་ཇི་ལྟར་ཁྱོད་ཅག་གི་སྤུན་ཟླ་རྣམས་ཏེ་ཨེ་ཕཱར་ཡིམ་གྱི་བུ་རྒྱུད་ཐམས་ཅད་ཕྱི་རོལ་ཏུ་བསྐྲད་པ་བཞིན། བདག་གིས་ཁྱོད་རྣམས་ཀྱང་དེ་ལྟར་ངའི་མདུན་ནས་ཕྱི་རུ་སྐྲོད་པར་འགྱུར།
མི་རྣམས་བཀའ་དང་འགལ་བ།
16 དེ་བས། ཁྱོད་ཀྱིས་མི་འདི་རྣམས་ཀྱི་དོན་དུ་སྨོན་ལམ་མ་འདེབས། དེ་དག་གི་ཆེད་དུ་ཞུ་འབོད་མ་བྱེད། བདག་གིས་ཁྱོད་ལ་མི་མཉན་པས་ན་དེ་དག་གི་ཕྱིར་དུ་བདག་ལ་ཞུ་བའང་མ་བྱེད་ཅིག 17 དེ་རྣམས་ཀྱིས་ཡ་ཧུ་དཱའི་གྲོང་ཁྱེར་དང་ཡེ་རུ་སཱ་ལེམ་གྱི་སྲང་ལམ་དུ་བྱས་པའི་དོན་རྣམས་ཁྱོད་ཀྱིས་མ་མཐོང་ངམ། 18 བྱིས་པས་བུད་ཤིང་བཏུས་ནས་ཕ་ཡིས་མེ་སྦར་བ་དང་། བུད་མེད་ཀྱིས་ཕྱེ་བརྫིས་ནས་བག་ལེབ་བཅོས་ཏེ་ནམ་མཁའི་རྒྱལ་མོར་ཕུལ་ཞིང་། ཡང་ལྷ་གཞན་རྣམས་ལ་སྐྱེམས་མཆོད་ཕུལ་ནས་ང་ཁྲོ་རུ་བཅུག 19 དེ་དག་གིས་ང་ཁྲོ་རུ་བཅུག་པ་ག་ལ་ཡིན། རང་གིས་རང་ལ་ཆག་སྒོ་བསླངས་ཏེ་རང་ཉིད་ངོ་ཚར་སྦྱར་བ་མ་ཡིན་ནམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 20 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་རང་གི་ཁོང་ཁྲོ་དང་ཞེ་སྡང་ནི་ཡུལ་འདིའི་མི་ཕྱུགས་གཉིས་ཀ་དང་། རི་ཐང་གི་ཤིང་སྡོང་དང་ས་ལས་སྐྱེས་པའི་འབྲས་བུ་ཐམས་ཅད་ཀྱི་སྟེང་དུ་བླུག་པར་བྱ་སྟེ། མེ་ལྟར་འབར་ཞིང་སུས་ཀྱང་གསོད་མི་ནུས་ཞེས་གསུངས། 21 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ཁྱོད་རྣམས་ཀྱིས་སྦྱིན་སྲེག་གི་མཆོད་པའི་སྟེང་དུ་ཞི་བདེའི་མཆོད་པའང་སྣོན་ལ་ཤ་ཟོ་ཞིག 22 ཅི་ལ་ཞེ་ན། བདག་གིས་ཁྱོད་ཅག་གི་མེས་པོ་རྣམས་ཨེ་ཅིབ་ཡུལ་ནས་ཁྲིད་འོངས་པའི་ཉིན་མོར། སྦྱིན་སྲེག་གི་མཆོད་པ་དང་ཞི་བདེའི་མཆོད་པ་གཉིས་ཀྱི་དོན་ནི་བདག་གིས་མ་གླེང་ལ། དེ་རྣམས་ལ་བཀའ་ཡང་མ་བསྒོས། 23 བདག་གིས་དེ་རྣམས་ལ་དོན་འདི་གཅིག་པུ་བསྒོས་ནས་འདི་ལྟར། ཁྱོད་རྣམས་ཀྱིས་ངའི་བཀའ་ལ་མཉན་ན། བདག་ནི་ཁྱོད་རྣམས་ཀྱི་དཀོན་མཆོག་ཏུ་འགྱུར་གྱིས། ཁྱོད་རྣམས་ཀྱང་ངའི་མི་རུ་འགྱུར་ངེས་ཡིན། ཁྱོད་རྣམས་བདག་གིས་བསྒོས་པའི་བཀའ་ཐམས་ཅད་ཀྱི་ནང་དུ་འགྲུལ་ན་བྱིན་རླབས་འཐོབ་པར་འགྱུར་ཞེས་སྨྲས་སོ། ། 24 ཡིན་ནའང་དེ་རྣམས་ཀྱིས་མ་མཉན་ཏེ་རྣ་བ་གཏད་ནས་མི་མཉན་པར། རང་གི་ཐབས་ཇུས་དང་སེམས་ངན་གཤིས་གྱོང་གི་རྗེས་སུ་འབྲངས་ནས་ཕྱི་བསྣུར་བྱས་པ་ལས་མདུན་དུ་མ་བསྐྱོད་དོ། ། 25 ཁྱོད་ཅག་གི་མེས་པོ་རྣམས་ཨེ་ཅིབ་ཡུལ་ནས་ཕྱི་རུ་ཐོན་པའི་ཉིན་ནས་དེ་རིང་བར་དུ། བདག་གིས་རང་གི་ཞབས་ཕྱི་སྟེ་ལུང་སྟོན་པ་ཐམས་ཅད་ཡང་ནས་ཡང་དུ་ཁོ་ཚོའི་མདུན་དུ་མངགས་ཀྱང་། 26 ཁོ་ཚོས་བདག་ལ་མ་མཉན་ཏེ་རྣ་བ་གཏད་ནས་མི་མཉན་པར་སེམས་རྒྱུད་རེངས་པོ་བྱས་ནས་ལས་ངན་པ་སྤྱད་པ་ནི་ཁོ་ཚོའི་མེས་པོ་རྣམས་ལས་ཀྱང་ཐུའོ། ། 27 ཁྱོད་ཀྱིས་གཏམ་འདི་ཐམས་ཅད་ཁོ་ཚོར་སྨྲས་ཀྱང་དེ་རྣམས་ཀྱིས་ཁྱོད་ལ་མི་མཉན་ཏེ། ཁོ་ཚོ་བོས་ཀྱང་དེ་དག་གིས་ཨ་ལན་མི་སྤྲོད། 28 དེའི་ཕྱིར་ཁྱོད་ཀྱིས་ཁོ་རྣམས་ལ་འདི་ལྟར་སྨྲ་དགོས་ཏེ། འདི་ནི་ཁོ་ཚོའི་དཀོན་མཆོག་ཡ་ཝཱེའི་བཀའ་ལ་མི་མཉན་པ་དང་བཀའ་སློབ་དང་ལེན་མི་བྱེད་པའི་མི་རིགས་ཡིན་ལ། དེ་ཚོའི་སྨྲ་སྒོར་དྲང་བདེན་མེད་པར་གྱུར་ཏོ་ཞེས་པའོ། ། 29 ཀྱེ་ཡེ་རུ་སཱ་ལེམ། རང་གི་སྐྲ་བཞར་ནས་ཕོངས་ཤིག སྐྱ་ཐེར་ཐེར་གྱི་མཐོ་སྒང་དུ་མྱ་ངན་བྱོས་ཤིག ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཁོང་ཉིད་ཐུགས་ཁྲོ་རུ་འཇུག་པའི་མི་རབས་དེ་སྤངས་ནས་བསྐྱུར་བས་སོ། །
30 ཡ་ཧུ་དཱ་པ་རྣམས་ཀྱིས་བདག་གི་མིག་ལམ་དུ་ངན་པ་གང་ཡིན་དེ་སྤྱད་ནས། བདག་གི་མིང་གིས་འབོད་པའི་མཆོད་ཁང་ནང་དུ་ཞེན་ཁ་ལོག་པའི་རྫས་རྣམས་བསླངས་ཏེ་མཆོད་ཁང་འདི་མི་གཙང་བར་བཟོས་ཞེས་དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས། 31 དེ་རྣམས་ཀྱིས་རང་གི་བུ་བུ་མོ་རྣམས་མེའི་ནང་དུ་བསྲེག་ཕྱིར་པེན་ཧིན་ནོམ་ལུང་པའི་ཐོ་ཕེད་དུ་མཐོ་གླིང་བརྩིགས་པ་དང་། འདི་ནི་བདག་གིས་བསྒོས་པའི་བཀའ་མིན་ལ། ངའི་ཡིད་ལའང་ཤར་མ་མྱོང་ངོ་། ། 32 དེ་བས། ལྟོས་ཤིག དུས་དེ་སླེབས་ལ་ཉེའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་ཏེ། གནས་འདི་ལ་ཐོ་ཕེད་དང་པེན་ཧིན་ནོམ་ལུང་པ་ཞེས་མི་འབོད་པར་གསོད་གཅོད་ཀྱི་ལུང་པ་ཞེས་འབོད་པར་འགྱུར། དེ་རྣམས་ཀྱིས་ཐོ་ཕེད་དུ་བམ་རོ་སྦས་པ་དང་། ཐ་ན་སྦས་ས་ཡང་མེད། 33 མི་འདི་དག་གི་བེམ་པོ་རྣམས་ནི་ནམ་མཁའི་བྱ་དང་ས་གཞིའི་གཅན་གཟན་རྣམས་ཀྱི་ཁ་ཟས་སུ་འགྱུར་ཏེ། སུས་ཀྱང་དེ་དག་དཀྲོག་པར་མི་འགྱུར། 34 དུས་དེར་བདག་གིས་ཡ་ཧུ་དཱ་གྲོང་ཁྱེར་དང་ཡེ་རུ་སཱ་ལེམ་གྱི་སྲང་ལམ་དུ་དགའ་སྤྲོ་དང་སྐྱིད་པོའི་སྐད་སྒྲ་དང་། བག་མ་དང་མག་པའི་སྐད་སྒྲ་མཚམས་ཆད་པར་བྱའོ། །ཅི་ལ་ཞེ་ན། ཡུལ་འདི་མི་མེད་ལུང་སྟོང་དུ་འགྱུར་བས་སོ། །
* ལེའུ་བདུན་པ།:12 འདིར་ཞི་ལོ་ཞེས་པ་ནི་ཡེ་རུ་སཱ་ལེམ་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཆུང་ངུ་ཞིག་ཡིན་ལ། སྤྱི་ལོ་སྔོན་གྱི་1050ལོར་ཕེ་ལེ་ཤེད་པ་རྣམས་ཀྱིས་དེ་གཏོར་བཤིག་བཏང་བ་དང་། ལུང་སྟོན་པ་ཡེ་རེམ་ཡཱ་ཡིས་ལུང་བསྟན་གནང་བར་བརྩམས་པའི་ལོ་སྟེ་སྤྱི་ལོ་སྔོན་གྱི་626ལོར་གྲོང་ཁྱེར་དེ་ད་དུང་ཞིག་རོར་ལུས་ཡོད་པས། ཞི་ལོ་ལྟ་བུ་ཡིན་ཞེས་སྨྲ་འོང་དུས་ཞིག་རོར་ལུས་པའི་གྲོང་ཁྱེར་ལ་གོ་བ་ཡིན།