ལེའུ་བཅུ་གཅིག་པ།
ཡེ་རེམ་ཡཱ་ཡིས་དཀོན་མཆོག་གི་ཞལ་ཆད་སྒྲོག་པ།
དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། ཁྱོད་ཀྱིས་ཞལ་ཆད་འདིའི་བཀའ་ལ་མཉན་ནས་ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་པ་རྣམས་ལ་འདི་ལྟར་ཤོད་ཅིག དེ་རྣམས་ལ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་ཞལ་ཆད་འདིའི་བཀའ་ལ་མི་མཉན་པའི་མི་ལ་དམོད་པར་འགྱུར་ངེས། ཞལ་ཆད་འདི་ནི་བདག་གིས་ཁྱོད་ཚོའི་ཕ་མེས་རྣམས་ཨེ་ཅིབ་ཡུལ་ནས་ཕྱིར་ཁྲིད་འོངས་པ་དང་། ལྕགས་འཇུ་བྱེད་ཀྱི་མེ་ཐབ་ནས་བྲལ་བའི་ཉིན་མོ་དེར་ཁོ་རྣམས་ལ་བསྒོས་པའི་བཀའ་ཡིན། ཁྱོད་ཚོས་བདག་གི་བཀའ་ལ་ཉོན་ཅིག བདག་གིས་གང་ཞིག་བསྒོས་པ་ཐམས་ཅད་ལྟར་སྤྱད་པ་སྤྱོད་དང་། དེ་ནས་ཁྱོད་རྣམས་བདག་གི་འབངས་མི་དང་། ང་རང་ཁྱོད་ཅག་གི་དཀོན་མཆོག་ཏུ་འགྱུར་ངེས། བདག་གིས་ཁྱོད་རྣམས་ཀྱི་ཕ་མེས་རྣམས་ལ་བསྐྱལ་བའི་མནའ་དེ་འགྲུབ་པར་བྱས་ནས། དེ་རྣམས་ལ་དེ་རིང་དང་འདྲ་བར་འོ་མ་དང་སྦྲང་རྩི་བཞུར་བའི་ཡུལ་ཞིག་གནང་བར་བྱའོ་ཞེས་གསུངས་པ་ན། བདག་གིས་ཞུ་ལན་དུ། ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ཨ་མེན་ཞུས་པ་ཡིན། དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་ཀྱིས་ཡ་ཧུ་དཱའི་གྲོང་ཁྱེར་དང་ཡེ་རུ་སཱ་ལེམ་གྱི་སྲང་ལམ་དག་ཏུ་བཀའ་འདི་ཐམས་ཅད་བསྒྲག་དགོས་ཏེ། ཁྱོད་རྣམས་ཀྱིས་ཞལ་ཆད་འདིའི་བཀའ་རྣམས་ལ་མཉན་ནས་དེ་བཞིན་དུ་སྤྱོད་ཅིག ཅི་ལ་ཞེ་ན། བདག་གིས་ཁྱོད་ཅག་གི་ཕ་མེས་རྣམས་ཨེ་ཅིབ་ཡུལ་ནས་ཕྱིར་ཁྲིད་འོངས་པ་ནས་དེ་རིང་གི་བར་དུ། དེ་དག་ལ་ཡང་ཡང་བསླབ་བྱ་གནང་སྟེ་བདག་གི་བཀའ་ལ་ཉོན་ཅིག་ཅེས་སྨྲས་ཀྱང་། དེ་དག་གིས་མ་མཉན་ཞིང་རྣ་བ་གཏད་ནས་མ་མཉན་པར། རང་གི་སེམས་ངན་གཤིས་གྱོང་གི་རྗེས་སུ་འབྲངས་ཏེ་སྤྱོད་ངན་སྤྱད་པས། བདག་གིས་ཞལ་ཆད་འདིའི་ནང་གི་དམོད་ཚིག་ཐམས་ཅད་དེ་དག་གི་སྟེང་དུ་འབབ་པར་བྱས། བདག་གིས་དེ་སྔ་ཁོ་རྣམས་ལ་ཞལ་ཆད་འདི་བསྲུང་དགོས་པར་བསྒོས་ན་ཡང་དེ་རྣམས་ཀྱིས་མ་བསྲུངས་ཞེས་པའོ་ཞེས་གསུངས་སོ། ། དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མིའི་ནང་དུ་མཉམ་དུ་ལྐོག་ཇུས་འཐེན་ནས་རྒྱབ་འགལ་བྱེད་པའི་དོན་ཡོད་དེ། 10 དེ་རྣམས་ཁ་ཕྱིར་འཁོར་ནས་ཁོ་ཚོའི་ཕ་མེས་རྣམས་ཀྱི་སྤྱོད་ངན་ལྟར་བྱེད་ཅིང་བདག་གི་བཀའ་ལ་མཉན་མི་འདོད་པར། ལྷ་གཞན་དག་གི་རྗེས་སུ་འབྲངས་ནས་ཞབས་ཏོག་བསྒྲུབས་པའོ། །ཡང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དང་ཡ་ཧུ་དཱའི་ཁྱིམ་རྒྱུད་རྣམས་བདག་གིས་དེ་དག་གི་ཕ་མེས་རྣམས་ཀྱི་བར་དུ་བཞག་པའི་ཞལ་ཆད་དང་འགལ་བས། 11 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་ཁོ་རྣམས་ལ་ཆག་སྒོ་འབྱུང་བར་བྱེད་ཅིང་དེ་རྣམས་ཐར་བར་མི་འགྱུར་ལ། དེ་རྣམས་ཀྱིས་བདག་ལ་ནན་གྱིས་ཞུས་ཀྱང་བདག་གིས་མི་མཉན་ཞེས་གསུངས། 12 དུས་དེར་ཡ་ཧུ་དཱའི་གྲོང་ཁྱེར་གྱི་མི་རྣམས་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་དག་གིས་ཁོ་ཚོས་སྤོས་བདུགས་ནས་ཞབས་ཏོག་སྒྲུབ་པའི་ལྷ་རྣམས་ལ་ནན་གྱིས་ཞུས་ཀྱང་། སྡུག་གིས་མནར་བའི་དུས་སུ་ལྷ་དེ་དག་གིས་ཁོ་རྣམས་སྐྱོབ་པར་མི་འགྱུར་རོ། ། 13 ཀྱེ་ཡ་ཧུ་དཱ། ཁྱོད་ཀྱི་ལྷ་ཡི་གྲངས་ནི་ཁྱོད་ཀྱི་གྲོང་ཁྱེར་གྱི་གྲངས་དང་མཉམ་ཞིང་། ཁྱོད་ཀྱིས་ངོ་ཚའི་གཞི་ཡིན་པའི་པཱ་ཨལ་རྣམས་ལ་སྤོས་བདུག་ཕྱིར་བརྩིགས་པའི་མཆོད་ཁྲི་ཡང་ཡེ་རུ་སཱ་ལེམ་གྱི་ལམ་སྲང་གི་གྲངས་བཞིན་དུ་མང་བས། 14 ཁྱོད་ཀྱིས་མི་འདི་རྣམས་ཀྱི་ཆེད་དུ་གསོལ་བ་མ་འདེབས་ཤིག དེ་རྣམས་ཀྱི་ཕྱིར་ཞུ་འབོད་དང་ཞུ་བའང་མ་བྱེད་ཅིག ཅི་ལ་ཞེ་ན། དེ་རྣམས་སྡུག་བསྔལ་གྱིས་མནར་བའི་དུས་སུ་བདག་ལ་ཞུས་ཀྱང་བདག་གིས་ལན་མི་སྦྱིན་ནོ། ། 15 བདག་གིས་གཅེས་སུ་འཛིན་པ་ཡིས་ནག་ཉེས་ཚབས་ཆེན་བྱས་པས་བདག་གི་མཆོད་ཁང་ནང་དུ་ཅི་ཞིག་བྱེད་དམ། མཆོད་པར་ཕུལ་བའི་ཤ་ཡིས་ཁྱོད་ཀྱི་ཆག་སྒོ་བཟློགས་ནས་ཁྱོད་དགའ་བར་བྱེད་ནུས་སམ། 16 སྔར་དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་མིང་ལ་ཡིད་དུ་འོང་བ་དང་འབྲས་བུ་ལེགས་པོ་བསྐྱེད་པའི་སྐྱུ་རུ་ཤིང་སྔོན་པོ་ཞེས་བཏགས་མོད། འོན་ཀྱང་ད་ལྟ་ཁོང་གིས་རླུང་དམར་གྱི་སྒྲ་ཆེན་པོས་དེ་ལ་མེ་སྦར་ནས་ཡལ་ག་རྣམས་གཅོག་པར་འགྱུར། 17 མ་གཞི་ཁྱོད་འཛུགས་མཁན་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ཆག་སྒོ་བཏང་ནས་ཁྱོད་ལ་རྒོལ་བར་གསུངས། ཅི་ལ་ཞེ་ན། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དང་ཡ་ཧུ་དཱའི་ཁྱིམ་རྒྱུད་གཉིས་ཀྱིས་སྤྱོད་ངན་སྤྱད་པ་དང་། དེ་དག་གིས་པཱ་ཨལ་ལ་སྤོས་བདུགས་ནས་ང་རང་ཁྲོ་བར་བྱས་པས་སོ། །
ཡེ་རེམ་ཡཱ་གསོད་པའི་ཇུས་ངན།
18 དཀོན་མཆོག་ཡ་ཝཱེས་ང་ལ་མཛུབ་སྟོན་གནང་བས་ངས་རྟོགས་པ་དང་། ཁྱེད་ཀྱིས་དེ་དག་གི་སྤྱོད་ལུགས་ང་ལ་བསྟན་པ་ཡིན། 19 ང་ནི་ཞི་ཞིང་དུལ་བའི་ལུ་གུ་ཞིག་དང་འདྲ་བར་བཤའ་རུ་ཁྲིད་པ་དང་། དེ་ཚོས་རང་ཅག་གིས་ལྗོན་ཤིང་དེ་ཤིང་ཏོག་དང་བཅས་མེད་པར་བྱས་ནས། ཁོ་གསོན་ཡུལ་ནས་ཚར་གཅོད་བྱེད་པར་བྱ། ཕྱིན་ཆད་ཁོའི་མིང་ཙམ་ཡང་དྲན་པར་མི་འགྱུར་ཞེས་གྲོས་ངན་བཏབ་ནས་ང་རང་ལྐོག་གསོད་བྱེད་པར་རྩོམ་པ་ངས་མ་ཤེས། 20 འོན་ཀྱང་དྲང་བདེན་ཀྱི་ཁྲིམས་ཐག་གཅོད་པ་དང་། མིའི་སེམས་དང་བསམ་པར་ཞིབ་དཔྱོད་མཛད་པའི་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས། ངས་རང་གི་ཁ་མཆུ་ཁྱེད་ལ་བཅོལ་བས་ན། ཁྱེད་ཀྱིས་དེ་ཚོར་ལན་གནང་བ་ང་ལ་མཐོང་བར་མཛོད་ཅིག 21 དེ་བས་ཁྱོད་ཀྱི་སྲོག་འཚོལ་བའི་ཨ་ན་ཐོད་པ་རྣམས་ལ་དཀོན་མཆོག་ཡ་ཝཱེས་བཀའ་བཀྱོན་གནང་ངོ་། །ཁོ་རྣམས་ན་རེ། ཁྱོད་ནི་ང་ཚོའི་ལག་ཏུ་མི་འཆི་བའི་ཕྱིར་དུ་ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེའི་མཚན་གྱི་སྒོ་ནས་ལུང་མ་སྟོན་ཞེས་སྨྲས། 22 དེའི་ཕྱིར་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་དེ་རྣམས་ལ་ཉེས་ཆད་གཅོད་ངེས་ལ། དེ་དག་གི་ན་གཞོན་རྣམས་ནི་རལ་གྲིའི་འོག་ནས་འཆི་བ་དང་། དེ་དག་གི་བུ་དང་བུ་མོ་རྣམས་ནི་མུ་གེ་ལས་འཆི་བར་འགྱུར། 23 ཉེས་ཆད་གཅོད་པའི་དུས་དེར་བདག་གིས་ཨ་ན་ཐོད་པ་རྣམས་ལ་ཆག་སྒོ་འབྱུང་བར་བྱེད་པས། དེ་རྣམས་ལས་སུ་ཡང་ལུས་པར་མི་འགྱུར་ཞེས་གསུངས་སོ། །