ལེའུ་ཉི་ཤུ་པ།
ཡེས་ར་ཨེལ་པ་རྣམས་ཀྱིས་པེན་ཡཱ་མེན་པ་རྣམས་ལ་འཐབ་འཛིང་བྱས་པ།
དེ་ནས་ཡེས་ར་ཨེལ་པ་རྣམས་དཱན་ནས་པེར་ཤ་བཱ་བར་དང་། གིལ་ཨད་ཡུལ་ནས་ཕྱི་རུ་ཐོན་ཏེ་མི་གཅིག་ནང་བཞིན་མཱས་ཟི་ཕཱ་ཞེས་པར་དཀོན་མཆོག་ཡ་ཝཱེའི་དྲུང་དུ་འཛོམས་པ་རེད། ཡེས་ར་ཨེལ་པའི་འགོ་དཔོན་ཏེ་ཚོ་པ་ཁག་གི་དམག་དཔོན་ཚང་མ་དཀོན་མཆོག་གི་འབངས་མི་རྣམས་འཚོགས་པའི་ཁྲོད་དུ་འགྲེང་ནས་བསྡད་ཅིང་། གྲི་ཐོགས་པའི་རྐང་དམག་ཁྱོན་བསྡོམས་འབུམ་བཞི་ཡོད་པའོ། ། ཡེས་ར་ཨེལ་པ་རྣམས་ཡར་མཱས་ཟི་ཕཱ་རུ་སླེབས་པ་ནི་པེན་ཡཱ་མེན་པ་ཀུན་གྱིས་ཐོས་སོ། །དེ་ནས་ཡེས་ར་ཨེལ་པ་རྣམས་ན་རེ། ཁྱོད་ཀྱིས་དོན་ངན་དེའི་འབྱུང་རྩ་ངེད་ཅག་ལ་གསལ་པོར་ཤོད་ཅིག་ཅེས་སྨྲས་པ་དང་། ལེ་ཝི་པ་སྟེ། གཞན་གྱིས་བསད་པའི་བུད་མེད་དེའི་སྐྱེས་པ་ན་རེ། བདག་དང་བདག་གི་ཆུན་མ་གཉིས་པེན་ཡཱ་མེན་གྱི་གིབ་ཨ་རུ་སླེབས་ནས་དེར་ཞག་སྡོད་བྱས་པ་དང་། གིབ་ཨ་པའི་འགོ་དཔོན་རྣམས་མཚན་མོར་ལངས་ནས་ངའི་ཁང་པ་བསྐོར་ཞིང་ང་རང་གསོད་འདོད་པ་དང་། ངའི་ཆུན་མའང་བརྙས་བཅོས་བྱས་ནས་བསད། དེ་ནས་བདག་གིས་རང་གི་ཆུན་མའི་བེམ་པོ་ལྷུ་ལྷུ་རུ་བཅད་ཅིང་། མི་མངགས་ཏེ་ཡེས་ར་ཨེལ་གྱི་ས་སྐལ་ཡིན་པའི་ཡུལ་ཐམས་ཅད་ལ་འཁྱེར་དུ་བཅུག་པ་ཡིན། ཅི་ལ་ཞེ་ན། གིབ་ཨ་པ་རྣམས་ཀྱིས་ཡེས་ར་ཨེལ་གྱི་ཁྲོད་དུ་ངོ་ཚ་བའི་དོན་ངན་འདི་འདྲ་བྱས་པས་སོ། ། ལྟོས་དང་། ད་ནི་ཁྱོད་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་འདིར་གྲོས་བྱས་ནས་འཆར་གཞི་འགོད་དགོས་སོ་ཞེས་སྨྲས་པ་ལ། མི་ཐམས་ཅད་ཡར་ལངས་ནས་མགྲིན་གཅིག་གིས་འདི་ལྟར། ངེད་རྣམས་ལས་སུ་ཞིག་ཀྱང་རང་གི་གུར་རམ་ཁང་པར་མི་ལོག ད་ལྟ་ངེད་ཅག་གིས་གིབ་ཨ་*པ་རྣམས་ལ་འདི་ལྟར་བྱེད་ངེས། རྒྱན་བླངས་པ་ལྟར་སོང་ནས་ཁོ་རྣམས་ལ་འཐབ་པར་བྱ། 10 ངེད་རྣམས་ཀྱིས་ཡེས་ར་ཨེལ་གྱི་ཚོ་པ་རེ་རེ་ནས་མི་བརྒྱ་ལས་བཅུ་དང་། མི་སྟོང་ལས་བརྒྱ། མི་ཁྲི་ལས་སྟོང་བཅས་བདམས་ནས་དམག་མིའི་ཆེད་དུ་རྒྱགས་བསྐྱལ་དགོས་ལ། དེ་ནས་དམག་མི་རྣམས་པེན་ཡཱ་མེན་གྱི་གེ་བཱ་རུ་སླེབས་དུས། གིབ་ཨ་པས་ཡེས་ར་ཨེལ་གྱི་ཁྲོད་དུ་བྱས་པའི་སྐྱུག་བྲོ་བའི་དོན་ཐམས་ཅད་ཀྱི་ཕྱིར་དུ་ལན་འཇལ་ཆོག་པ་ཡིན་ཞེས་སྨྲས་པའོ། ། 11 དེ་ནས་ཡེས་ར་ཨེལ་གྱི་མི་རྣམས་ནི་མི་གཅིག་ནང་བཞིན་མཉམ་དུ་འབྲེལ་ཞིང་། གྲོང་ཁྱེར་དེ་ལ་དམག་དྲངས་སོ། ། 12 ཡེས་ར་ཨེལ་གྱི་ཚོ་པ་ཁག་གིས་མི་མངགས་ཏེ་པེན་ཡཱ་མེན་ཚོ་པའི་ཁྱིམ་རེ་རེར་སོང་སྟེ་ན་རེ། ཁྱོད་རྣམས་ཀྱི་ཁྲོད་ནས་དོན་ངན་འདི་འདྲ་ཅི་ལྟར་བྱས་སམ། 13 ད་ལྟ་ཁྱོད་ཅག་གིས་གིབ་ཨ་ཡི་ཁྲམ་པ་དེ་དག་ཕྱིར་སྤྲོད་ཅིག ངེད་ཅག་གིས་དེ་རྣམས་བསད་དེ་ཡེས་ར་ཨེལ་གྱི་ཁྲོད་ནས་ངན་པ་ཚར་གཅོད་བྱེད་དགོས་ཞེས་སྨྲས་ཀྱང་། པེན་ཡཱ་མེན་པ་དག་གིས་ཁོ་རྣམས་ཀྱི་སྤུན་ཡེས་ར་ཨེལ་པ་རྣམས་ཀྱི་གཏམ་ལ་མ་མཉན་པ་རེད། 14 པེན་ཡཱ་མེན་པ་རྣམས་ནི་ཡེས་ར་ཨེལ་པ་རྣམས་ལ་འཐབ་འཛིང་བྱེད་པའི་ཕྱིར་དུ་གྲོང་ཁྱེར་སོ་སོ་ནས་ཕྱི་རོལ་ཏུ་ཐོན་ཞིང་གིབ་ཨ་རུ་འདུས་སོ། ། 15 ཉིན་དེར་པེན་ཡཱ་མེན་པ་རྣམས་ཀྱིས་གྲོང་ཁྱེར་སོ་སོ་ནས་རལ་གྲི་ཐོགས་མཁན་གྱི་དམག་གྲངས་བླངས་པ་ལ་ཁྱོན་བསྡོམས་མི་ཉིས་ཁྲི་དྲུག་སྟོང་ཡོད་པ་དང་། གཞན་ད་དུང་གིབ་ཨ་པ་རྣམས་ལས་དམག་ཧྲག་བདུན་བརྒྱ་ཡོད་པའོ། ། 16 དམག་མི་རྣམས་ཀྱི་ཁྲོད་དུ་བདམས་པའི་དམག་ཧྲག་བདུན་བརྒྱ་ཡོད་པ་ཚང་མ་གཡོན་ལག་ཡིན་པ་དང་། རེ་རེ་འུར་རྡོས་མི་ལ་གཡོ་གཟུར་སྤུ་ཙམ་ཡང་མེད་པར་རྒྱག་ཐུབ་པ་ཡིན་ནོ། ། 17 པེན་ཡཱ་མེན་པ་ལས་གཞན་ཡེས་ར་ཨེལ་པའི་རལ་གྲི་ཐོགས་མཁན་གྱི་གྲངས་ཀ་བླངས་པ་ལ་ཁྱོན་བསྡོམས་མི་འབུམ་བཞི་ཡོད་པ་དང་ཐམས་ཅད་དམག་མི་ཡིན་ནོ། །
ཡེས་ར་ཨེལ་པ་རྣམས་ཀྱིས་པེན་ཡཱ་མེན་པ་ཕམ་པར་བརྒྱབ་པ།
18 དེ་ནས་ཡེས་ར་ཨེལ་པ་རྣམས་ལངས་ནས་པེད་ཨེལ་དུ་སོང་སྟེ་དཀོན་མཆོག་ལ་འདི་ལྟར། ངེད་རྣམས་ལས་སུ་ཞིག་སྔོན་ལ་སོང་སྟེ་པེན་ཡཱ་མེན་པ་རྣམས་དང་འཐབ་འོས་སམ་ཞེས་ཞུས་པ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡ་ཧུ་དཱ་སྔོན་ལ་འགྲོ་འོས་ཞེས་གསུངས་སོ། ། 19 དེ་ནས་ཡེས་ར་ཨེལ་པ་རྣམས་ཞོགས་པ་ཡར་ལངས་ནས་གིབ་ཨའི་ཁ་ཐུག་ཏུ་སྒར་བཏབ། 20 ཡེས་ར་ཨེལ་པ་རྣམས་ནི་པེན་ཡཱ་མེན་པ་རྣམས་ལ་འཐབ་ཕྱིར་ཕྱི་རོལ་ཏུ་ཐོན་ཞིང་། ཡེས་ར་ཨེལ་པ་རྣམས་ཀྱིས་གིབ་ཨའི་ཕྱོགས་སུ་ཁོ་ཚོར་ཁ་གཏད་དེ་དམག་བཤམས་སོ། ། 21 དེ་ནས་པེན་ཡཱ་མེན་པ་རྣམས་གིབ་ཨ་ནས་ཕྱི་རུ་ཐོན་ཞིང་། ཉིན་དེར་ཡེས་ར་ཨེལ་པ་ཉིས་ཁྲི་ཉིས་སྟོང་གནས་དེ་རུ་བསད་དོ། ། 22 ཡེས་ར་ཨེལ་པའི་དམག་མི་རྣམས་ཀྱིས་ཕན་ཚུན་སྙིང་ཕུར་བརྡབས་ནས་སྔར་བཞིན་ཉིན་དང་པོར་དམག་ཤོམ་སར་དམག་བཤམས། 23 དམག་མི་རྣམས་ཤི་བའི་ཉིན་མོ་དེར། ཡེས་ར་ཨེལ་པ་རྣམས་ཡར་སོང་སྟེ་མཚན་མོའི་བར་དུ་དཀོན་མཆོག་ཡ་ཝཱེའི་དྲུང་ནས་ངུ་འབོད་བྱས་ཤིང་། དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར། ངེད་རྣམས་ཡང་བསྐྱར་སོང་ནས་རང་གི་སྤུན་པེན་ཡཱ་མེན་དང་འཐབ་འཛིང་བྱེད་རུང་ངམ་ཞེས་ཞུས་པར། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡར་སོང་ནས་ཁོ་རྣམས་དང་འཐབ་ཆོག་ཅེས་གསུངས། 24 དེའི་ཕྱི་ཉིན་ཡེས་ར་ཨེལ་པ་རྣམས་ཡར་སོང་སྟེ་པེན་ཡཱ་མེན་པ་རྣམས་ལ་གཏུགས། 25 པེན་ཡཱ་མེན་པ་རྣམས་ཀྱང་ཉིན་དེར་གིབ་ཨ་ནས་ཕྱི་རུ་ཐོན་ཞིང་། ཡེས་ར་ཨེལ་པ་རྣམས་ཀྱི་གདོང་བསུས་ནས་འཐབ་པ་དང་། ཡང་ཁོ་རྣམས་ལས་མི་ཆིག་ཁྲི་བརྒྱད་སྟོང་གནས་དེེ་རུ་བསད་ཅིང་ཚང་མ་རལ་གྲི་ཐོགས་མཁན་ཡིན་ནོ། ། 26 དེ་ནས་ཡེས་ར་ཨེལ་པ་ཐམས་ཅད་ཡར་པེད་ཨེལ་དུ་སོང་ནས། དཀོན་མཆོག་ཡ་ཝཱེའི་དྲུང་དུ་བསྡད་ནས་ངུ་འབོད་བྱས་ཤིང་། ཉིན་དེར་དགོང་མོའི་བར་དུ་སྨྱུང་གནས་བསྲུངས། ཡང་དཀོན་མཆོག་ཡ་ཝཱེའི་དྲུང་དུ་སྦྱིན་སྲེག་དང་ཞི་བདེའི་མཆོད་པ་ཕུལ་ཏོ། ། 27 ཡང་ཡེས་ར་ཨེལ་པ་རྣམས་ཡར་སོང་ནས་དཀོན་མཆོག་ཡ་ཝཱེ་ལ་ཞུས་པ་དང་། དེའི་དུས་སུ་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་དེ་རུ་ཡོད་པ་དང་། 28 དུས་དེར་ཨ་རོན་གྱི་ཚ་བོ་དང་ཨེ་ལི་ཨ་ཟར་གྱི་བུ་ཕི་ནེ་ཧེ་ཞལ་ཆད་ཀྱི་ཤུར་སྒམ་མདུན་དུ་ཀྲོང་ངེར་ལངས་ཤིང་། ཁོ་ཚོས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར། ངེད་རྣམས་ཡང་བསྐྱར་ཕྱི་རོལ་ཏུ་སོང་ནས་རང་གི་སྤུན་པེན་ཡཱ་མེན་དང་འཐབ་འཛིང་བྱེད་རུང་ངམ། ཡང་ན་མཚམས་འཇོག་འོས་ཞེས་ཞུས་པ་ལ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། སང་ཉིན་ངས་དེ་དག་ཁྱོད་རྣམས་ཀྱི་ལག་ཏུ་སྤྲོད་རྒྱུ་ཡིན་པས་ཁྱོད་རྣམས་ཡར་འགྲོ་འོས་ཞེས་གསུངས། 29 དེ་ནས་ཡེས་ར་ཨེལ་པས་གིབ་ཨའི་ཕྱོགས་བཞི་རུ་འཇབ་དམག་བཏང་ངོ་། ། 30 ཉིན་གསུམ་པར་ཡེས་ར་ཨེལ་པ་རྣམས་ཡང་བསྐྱར་ཡར་སོང་སྟེ་པེན་ཡཱ་མེན་པ་རྣམས་ལ་འཐབ་ཅིང་། སྔར་བཞིན་གིབ་ཨའི་ཕྱོགས་སུ་དམག་བཤམས། 31 པེན་ཡཱ་མེན་པ་རྣམས་ཀྱང་ཕྱི་རུ་ཡོང་སྟེ་དགྲ་བོའི་གདོང་བསུས་པས་གྲོང་ཁྱེར་དང་བྲལ་བའི་གཡོ་འོག་ཏུ་ཚུད། ཞིང་བར་གྱི་བགྲོད་ལམ་གཉིས་ཏེ་གཅིག་ནི་པེད་ཨེལ་ལ་སླེབས་ཤིང་ཅིག་ཤོས་ནི་གིབ་ཨ་རུ་སླེབས་ཡོད་པའི་སྟེང་དུ། ཁོ་ཚོས་སྔར་བཞིན་ཡེས་ར་ཨེལ་པ་སུམ་ཅུ་ཙམ་བསད་དོ། ། 32 པེན་ཡཱ་མེན་པ་རྣམས་ཀྱིས་འདི་ལྟར། ཁོ་རྣམས་སྔར་བཞིན་བདག་ཅག་གི་མདུན་དུ་ཕམ་པ་རེད་ཅེས་སྨྲས། ཡིན་ནའང་ཡེས་ར་ཨེལ་པ་རྣམས་ན་རེ། བདག་ཅག་བྲོས་ཏེ་ཁོ་རྣམས་གྲོང་ཁྱེར་ནས་བགྲོད་ལམ་སྟེང་གཡོ་ཁྲིད་བྱས་ན་ཅི་འདྲ་ཞེས་སྨྲས་ཤིང་། 33 ཡེས་ར་ཨེལ་པ་ཐམས་ཅད་ལངས་ཏེ་པཱ་ཨལ་ཐལ་མཱར་དུ་དམག་བཤམས་ཤིང་། ཡེས་ར་ཨེལ་གྱི་འཇབ་དམག་རྣམས་གེ་བཱ་ཞིང་ཁའི་འཇབ་སྒུག་བྱེད་ས་ནས་ཡར་བརྒྱུགས། 34 ཡེས་ར་ཨེལ་པའི་ཁྲོད་ཀྱི་དམག་ཧྲག་ཆིག་ཁྲི་གིབ་ཨའི་ཁ་ཐུག་ཏུ་གདོང་བསུས་ནས་འོངས་པ་དང་། འཐབ་འཛིང་གཏུམ་དྲག་ཧ་ཅང་ཆེ་མོད། འོན་ཀྱང་པེན་ཡཱ་མེན་པ་རྣམས་ཀྱིས་ཆག་སྒོ་ཉེ་བར་སླེབས་པ་མ་ཚོར་རོ། ། 35 དཀོན་མཆོག་ཡ་ཝཱེས་པེན་ཡཱ་མེན་པ་རྣམས་ནི་ཡེས་ར་ཨེལ་པའི་མདུན་དུ་ཕམ་པར་མཛད་ཅིང་། ཉིན་དེར་ཡེས་ར་ཨེལ་པས་པེན་ཡཱ་མེན་པ་ཉིས་ཁྲི་ལྔ་སྟོང་ཆིག་བརྒྱ་བསད་ཅིང་ཚང་མ་རལ་གྲི་ཐོགས་མཁན་ཡིན་ནོ། །
ཡེས་ར་ཨེལ་པ་རྣམས་རྒྱལ་བ།
36 དེ་ནས་པེན་ཡཱ་མེན་པ་རྣམས་ཀྱིས་རང་ཉིད་ཕམ་པ་ཤེས་སོ། །ད་ནི་ཡེས་ར་ཨེལ་པ་རྣམས་ཀྱིས་གིབ་ཨ་རུ་འཇབ་དམག་བཞག་པར་ཡིད་ཆེས་ཏེ་པེན་ཡཱ་མེན་པ་རྣམས་ཀྱི་མདུན་དུ་ཕམ་ཁུལ་བྱས་ཤིང་། 37 འཇབ་དམག་མྱུར་བ་མྱུར་དུ་གིབ་ཨ་རུ་བརྒྱུགས་ནས་ཁོ་ཚོ་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ་གྲོང་ཁྱེར་ཧྲིལ་པོར་རལ་གྲིས་བརྒྱབ། 38 ཡེས་ར་ཨེལ་པ་དང་འཇབ་དམག་བར་ལ་སྔོན་ནས་ཁ་དན་བཞག་ཡོད་པ་སྟེ། གྲོང་ཁྱེར་ནང་མེ་སྦར་ཏེ་དུ་བ་ལང་ལོང་འཕྱུར་བ་རྟགས་བྱེད་པ་དེ་ཡིན། 39 ཡེས་ར་ཨེལ་པ་རྣམས་གཡུལ་ས་ནས་ཕྱིར་འཐེན་བྱེད་པའི་དུས་སུ། པེན་ཡཱ་མེན་པ་རྣམས་ཀྱིས་ལག་འགུལ་ནས་ཡེས་ར་ཨེལ་པ་སུམ་ཅུ་ཙམ་བསད་པས་ན་རེ། ཁོ་རྣམས་སྔར་བཞིན་བདག་ཅག་གིས་ཕམ་པར་བརྒྱབ་ཅེས་སྨྲས། 40 གྲོང་ཁྱེར་ལས་དུ་སྨུག་ཀ་བ་བཞིན་འཕྱུར་བའི་དུས་སུ། པེན་ཡཱ་མེན་པ་རྣམས་ཁ་ཕྱིར་འཁོར་ནས་བལྟས་ཤིང་། ལྟོས་དང་། གྲོང་ཁྱེར་ཡོངས་སུ་དུ་བ་མཁའ་དབྱིངས་སུ་འཕྱུར་ཏོ། ། 41 ཡེས་ར་ཨེལ་པ་རྣམས་ཁ་ཕྱིར་འཁོར་ནས་འོངས་ཤིང་། པེན་ཡཱ་མེན་པ་རྣམས་ཀྱིས་ཆག་སྒོ་རང་སྟེང་དུ་སླེབས་པ་མཐོང་ནས་ཤིན་ཏུ་འཚབ་པ་རེད། 42 ཁོ་རྣམས་ཡེས་ར་ཨེལ་པའི་མདུན་ནས་ཁ་ཕྱིར་འཁོར་ཏེ་དབེན་སྟོང་དུ་བྲོས་ཤིང་། ཡེས་ར་ཨེལ་པ་རྣམས་ཀྱིས་ཁོ་རྣམས་འདེད་བཅོམ་བྱས་པ་དང་། གྲོང་ཁྱེར་སོ་སོ་ནས་ཐོན་པ་དག་གིས་ཀྱང་ཁོ་རྣམས་བར་དུ་བླངས་ནས་བསད། 43 ཡེས་ར་ཨེལ་པས་པེན་ཡཱ་མེན་པ་རྣམས་བསྐོར་ནས་དེད་ཅིང་། ཁོ་རྣམས་ངལ་གསོ་ས་སྟེ་ཤར་ཕྱོགས་སུ་གཏད་པའི་གིབ་ཨ་རུ་དེ་དག་རྡོག་པས་བརྫིས་སོ། ། 44 པེན་ཡཱ་མེན་པ་རྣམས་ལས་མི་ཆིག་ཁྲི་བརྒྱད་སྟོང་ཤི་བ་དང་ཚང་མ་དཔའ་རྒོད་ཡིན་ནོ། ། 45 དེའི་འཕྲོས་མི་རྣམས་ཁ་ཕྱིར་འཁོར་ནས་དབེན་སྟོང་ཕྱོགས་སུ་རིམ་མོན་གྱི་བྲག་ཏུ་བྲོས་པ་ལ། ཡེས་ར་ཨེལ་པས་ལམ་དུ་ཁོ་རྣམས་ལས་མི་ལྔ་སྟོང་བསད་པ་དང་། སྙེ་མ་འཐུ་བ་བཞིན་ཀི་དོན་བར་དུ་དེད་ནས་ཡང་ཁོ་རྣམས་ལས་མི་ཉིས་སྟོང་བསད། 46 ཉིན་དེར་པེན་ཡཱ་མེན་པ་རྣམས་ལས་ཁྱོན་བསྡོམས་མི་ཉིས་ཁྲི་ལྔ་སྟོང་བསད་ཅིང་རལ་གྲི་ཐོགས་པའི་དཔའ་རྒོད་རྐྱང་རྐྱང་ཡིན་ནོ། ། 47 ཡིན་ནའང་མི་དྲུག་བརྒྱ་ཏག་ཏག་ལུས་པ་ཁ་ཕྱིར་འཁོར་ནས་དབེན་སྟོང་ཕྱོགས་སུ་བྲོས་ཤིང་རིམ་མོན་གྱི་བྲག་ཏུ་སླེབས་པ་དང་། དེར་ཟླ་བཞིའི་རིང་ལ་བསྡད་དོ། ། 48 ཡེས་ར་ཨེལ་པ་རྣམས་ཡང་ཕྱིར་པེན་ཡཱ་མེན་གྱི་ཡུལ་དུ་སོང་སྟེ། གྲོང་ཁྱེར་སོ་སོའི་མི་དང་ཕྱུགས་ཟོག དེ་མིན་གང་ལ་ཕྲད་པ་ཐམས་ཅད་ལ་རལ་གྲིས་བརྒྱབ་ཅིང་། ཡང་གྲོང་ཁྱེར་མཐའ་དག་མེས་བསྲེགས་སོ། །
* ལེའུ་ཉི་ཤུ་པ།:9 འདིར་གིབ་ཨ་ཞེས་པར་གེ་བཱ་ཞེས་ཀྱང་འབོད་པ་ཡིན།