༄༅། །ཡ་ཧུ་དཱའི་འཕྲིན་ཡིག
ཡ་ཧུ་དཱའི་འཕྲིན་ཡིག་གི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
འཕྲིན་ཡིག་འདི་ནི་སྐུ་ཚབ་པའི་དུས་སྐབས་ཀྱི་ཆོས་ཚོགས་ཀྱི་འགོ་པ་ཡ་ཧུ་དཱ་ཞེས་བྱ་བའི་མི་དེས། མི་སྒེར་གྱི་འཕྲིན་ཡིག་གི་ཚུལ་དུ་རོ་མཱ་གོང་མའི་རྒྱལ་ཁབ་ཏུ་ཁ་ཐོར་དུ་ཕྱིན་པའི་ཆོས་ཚོགས་ཀྱི་མི་རྣམས་ལ་སྤྲིངས་པ་རེད། སྐབས་དེའི་ཆོས་ཚོགས་ཕྲད་པའི་ཉེན་ཁ་ནི་ཐད་ཀའི་བཙན་གནོན་དང་རྩ་མེད་བཟོ་བ་ཞིག་མིན་པར། ཡེ་ཤུའི་ཆོས་ལུགས་ལ་ལོག་ལྟ་བཅངས་ནས་འཁྱོག་བརྗོད་བྱེད་པ་དེ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ཡི་གེར་འགོད་མཁན་གྱིས་རང་ཉིད་ནི་ཡ་ཧུ་དཱ་ཡིན་པར་ངོས་བཟུང་ཡོད་ལ། ཁོང་ནི་བདག་ཅག་གི་གཙོ་བོ་ཡེ་ཤུའི་སྐུ་མཆེད་ཡ་ཧུ་དཱ་ཡིན། འཕྲིན་ཡིག་འདི་ནི་སྤྱི་ལོ་65ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
ཡ་ཧུ་དཱ་ཡིས་ཀློག་པ་པོ་རྣམས་ལ་ཐར་ལམ་སྐོར་གྱི་འཕྲིན་ཡིག་འབྲི་བའི་འདུན་པ་སྐོམ་པས་ཆུ་འདོད་པ་བཞིན་སྐྱེས་ནའང་། དེ་དག་གི་ཁྲོད་དུ་དཀོན་མཆོག་གི་ཐུགས་རྗེ་ལ་འགྲེལ་ལོག་རྒྱག་པའི་མི་ཚུལ་མིན་སྣ་ཚོགས་ཡོད་པས། ཁོང་གིས་དཀོན་མཆོག་གི་ཐུགས་རྗེ་ལ་འགྲེལ་ལོག་རྒྱག་མཁན་དེ་རྣམས་ལ་ཀློག་པ་པོ་རྣམ་པས་ངེས་པར་མཉམ་འཇོག་བྱེད་དགོས་པར་ཉེན་བརྡ་གཏོང་དགོས་སྙམ་པ་རེད། དགེ་རྒན་རྫུས་མ་དག་གིས་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་དད་ལྡན་རྣམས་ལ་ཐར་པ་ཐོབ་ཟིན་པའི་རྐྱེན་གྱིས་ཁྱོད་ཚོས་མ་འོངས་པར་སྡིག་པ་བྱས་ཀྱང་ཁྱོད་ཚོ་དང་འབྲེལ་བ་མེད་ལ། ཁྱོད་ཚོས་གང་འདོད་དུ་སྡིག་པ་བྱས་ཆོག་ཅེས་སྨྲས་ཏེ། ཁོ་ཚོའི་ལྟ་ཚུལ་ངན་པ་ལ་དད་ལྡན་རྣམས་ཡིད་ཆེས་སུ་འཇུག་པ་ཡིན། དགེ་རྒན་རྫུས་མ་དེ་དག་ནི་ནཱ་སི་ཊི་༼Gnostics༽ཞེས་པའི་གྲུབ་མཐའ་འཛིན་མཁན་ཡིན་པར་འདོད་དེ། ཁོ་ཚོས་སེམས་ཉིད་ནི་ཡོངས་སུ་བཟང་པོ་ཡིན་པ་དང་ལུས་པོ་ནི་ཡོངས་སུ་ངན་པ་ཡིན་པར་ཁྲིད་སྟོན་བྱས་པ་རེད། ཁོ་ཚོའི་གཞུང་ལུགས་དེ་ནི་ཧ་ལམ་དུས་རབས་གཉིས་པའི་ནཱ་སི་ཊི་སེམ་༼Gnosticism༽ཞེས་པའི་གྲུབ་མཐའི་ལམ་ལུགས་ཀྱི་རྩ་བ་ཡིན།
འཆར་ཟིན།
1. ངོ་སྤྲོད། ༼1-2༽
2. འཕྲིན་ཡིག་གི་སྐབས་དེའི་གནས་བབས། ༼3-4༽
3. དགེ་རྒན་རྫུས་མ་རྣམས་ལ་ཉེན་བརྡ་གཏོང་བ། ༼5-16༽
4. དད་ལྡན་རྣམས་ལ་ནན་གྱིས་སྐུལ་བ། ༼17-23༽
5. མཐའ་མཇུག་དཀོན་མཆོག་ལ་ཕུལ་བའི་བསྟོད་བསྔགས། ༼24-25༽
1
འཕྲིན་ཡིག་བསྐུར་ཡུལ།
1 དེ་ཡང་ཡ་ཧུ་དཱ་བདག་ནི་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་པ་དང་ཡ་ཀོབ་ཀྱི་སྤུན་ཡིན་ལ། ཞལ་འབོད་ཐོབ་པ་དང་། ཡབ་དཀོན་མཆོག་ནང་དུ་གཅེས་སུ་འཛིན་ཞིང་ཡེ་ཤུ་མཱ་ཤི་ཀའི་ཆེད་དུ་སྲུང་བར་མཛད་པ་རྣམས་ལ་འཕྲིན་ཡིག་འདི་སྤྲིངས་པའོ༎
2 ཐུགས་རྗེ་དང་། ཞི་བདེ། བྱམས་པ་བཅས་ཁྱོད་ཅག་ལ་མང་དུ་འཐོབ་པར་ཤོག།
དད་མེད་རྣམས་ཀྱི་སྡིག་ཉེས་དང་མེད་པར་འགྱུར་བ།
3 སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། ངས་རང་རེའི་ཐུན་མོང་གི་ཐར་པ་སྐོར་གྱི་གཏམ་ཁྱོད་ཅག་ལ་འབྲི་བར་ནན་གྱིས་བརྩོན་ཅིང་། སྔར་ལན་གཅིག་དད་ལྡན་དམ་པ་རྣམས་ལ་གཏད་པའི་དད་པའི་ཕྱིར་བརྩོན་པ་ལྷོད་མེད་བྱེད་ཆེད། ད་ལྟ་ཅི་ནས་ཀྱང་ཁྱོད་ཅག་ལ་འཕྲིན་ཡིག་བྲིས་ནས་སྐུལ་མ་གཏོང་དགོས་བྱུང་ངོ་།།
4 རྒྱུ་མཚན་ནི་སྔར་ནས་ཉེས་ཆད་ཕོགས་པར་ཐག་གིས་བཅད་པའི་དད་གུས་མེད་པ་རྣམས་ལྐོག་ནས་ཁྱོད་ཅག་གི་ཁྲོད་དུ་ཞུགས་ཡོད་ཅིང་། ཁོ་རྣམས་ཀྱིས་རང་རེའི་དཀོན་མཆོག་གི་ཐུགས་རྗེ་དེ་འདོད་གཡེམ་བག་ཡངས་སུ་གཏོང་བའི་གོ་སྐབས་སུ་བསྒྱུར་བར་མ་ཟད། རང་རེའི་བདག་པོ་དང་གཙོ་བོ་གཅིག་པུ་སྟེ་ཡེ་ཤུ་མཱ་ཤི་ཀའང་སྤང་བར་བྱེད་པའོ།།
5 དེ་སྔར་གཙོ་བོས་རང་གི་འབངས་མི་ཨེ་ཅིབ་ཡུལ་ནས་བསྐྱབས་ཤིང་། ཕྱིས་སུ་དད་པ་མེད་པའི་མི་དེ་རྣམས་མེད་པར་མཛད་དོ།། དོན་དེ་ཐམས་ཅད་ཁྱོད་ཅག་གིས་ཤེས་ནའང་། ངས་ད་དུང་ཁྱོད་རྣམས་ལ་དྲན་སྐུལ་བྱ་འདོད།
6 ཡང་རང་གི་འགན་གནས་མ་བསྲུངས་པར་རང་གནས་བསྐྱུར་བའི་ཕོ་ཉ་རྣམས་ནི། ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་ཉིན་ཆེན་པོ་དེའི་བར་དུ། དཀོན་མཆོག་གིས་ལྕགས་སྒྲོག་བརྒྱབ་སྟེ་ཇི་སྲིད་བར་དུ་མུན་ནག་ལ་བཅུག་གོ།
7 ཡང་སཱ་དོམ༌དང༌གཱ་མོ༌ར་དང་མཐའ་འཁོར་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཀྱང་དེ་དག་དང་འདྲ་བར་ལོག་གཡེམ་རྐྱང་རྐྱང་བྱེད་ཅིང་འདོད་ཆགས་ཕྱིན་ཅི་ལོག་པ་ལ་བསྟུན་པས། ནམ་ཡང་ཞི་བ་མེད་པའི་མེའི་ཆད་པ་ཕོག་སྟེ་མི་རྣམས་ལ་ཉེན་བརྡ་བཏང་འདུག་གོ།
8 རྨི་ལམ་ལ་མགོ་འཐོམ་པའི་མི་འདི་དག་གིས་ཀྱང་དེ་རྣམས་དང་འདྲ་བར་ལུས་པོ་བཙོག་པར་བྱེད་ཅིང་། དབང་འཛིན་མཁན་རྒྱབ་ཏུ་འདོར་བ་དང་། གཟི་བརྗིད་ཅན་ལ་འཕྱ་སྨོད་བྱེད་པའོ།།
9 ཕོ་ཉའི་མཆོག་མེའ་ཀཱ་ཨེལ་གྱིས་མོ་ཤེའི་སྐུ་གདུང་གི་སྐོར་ནས་བདུད་ལ་རྩོད་པའི་དུས་སུ། སྨོད་ཚིག་གསུང་མ་ཕོད་པར། གཙོ་བོས་ཁྱོད་ལ་བཀའ་བཀྱོན་མཛད་པར་གྱུར་ཅིག་ཅེས་སྨྲས་པ་ཡིན།
10 འོན་ཀྱང་མི་འདི་རྣམས་ཀྱིས་རང་གིས་མི་ཤེས་པ་ལ་འཕྱ་སྨོད་བྱེད་པ་དང་། དེ་རྣམས་ནི་ཤེས་རྒྱ་མེད་པའི་དུད་འགྲོ་དང་མཚུངས་ལ། རང་རྒྱུད་ནས་ཤེས་པའི་དོན་ཁོ་ན་བསྒྲུབས་ནས་རང་ཉིད་འཕུང་བའོ།།
11 དེ་དག་ལ་ཆག་སྒོ་འབྱུང་ངོ་།། ཅིའི་ཕྱིར་ཞེ་ན། དེ་རྣམས་ཀཱ་ཡན་གྱི་ལམ་ལ་ཞུགས་ཤིང་། ཡང་རྒྱུ་ནོམ་པའི་ཆེད་དུ་པེལ་ཨམ་གྱི་ནོར་འཁྲུལ་ནང་དུ་བརྒྱུགས་ཏེ། ཀོ་རཱ་ཡི་རྒྱབ་འགལ་ཁྲོད་དུ་མེད་པར་གྱུར་པའི་ཕྱིར་ཡིན།
12 མི་དེ་རྣམས་ནི་ཁྱོད་ཅག་གི་མཛའ་བརྩེའི་གསོལ་སྟོན་སྟེང་དུ་ནག་ཐིག་ཡིན། དེ་རྣམས་ནི་ཁྱོད་ཅག་དང་མཉམ་དུ་ཟས་ལ་རོལ་བའི་དུས་སུ་འཇིགས་སྣང་མེད་ཅིང་། རྫི་བོས་རང་གི་ལྟོ་བ་ཁོ་ན་འགྲང་བར་བྱེད་པ་དང་མཚུངས། དེ་རྣམས་ནི་ཆར་ཆུ་མེད་པའི་སྤྲིན་ལྟར་རླུང་གིས་འཁྱེར་བ་དང་འདྲ་ལ། སྟོན་ཁའི་ཤིང་འབྲས་མེད་པའི་ལྗོན་ཤིང་དང་མཚུངས་པར་ལན་གཉིས་ཤི་ནས་རྩ་བ་བལ་པ་དང་འདྲ།
13 ཡང་རྒྱ་མཚོའི་རྦ་རླབས་དྲག་པོ་དང་མཚུངས་པར་རང་ཉིད་ཀྱི་ངོ་གནོང་བའི་ལྦུ་བ་འཕྱུར་བ་དང་འདྲ། དེ་རྣམས་རྒྱུ་སྐར་དང་མཚུངས་ཤིང་མུན་པའི་སྨག་རུམ་ནི་རྒྱུན་ནས་རྒྱུན་དུ་ཁོ་ཚོའི་དོན་དུ་བསྐྱུར་ཡོད་པའོ། །
14 ཨ་དམ་གྱི་མི་རབས་བདུན་པ་ཧ་ནོག་གིས་ཀྱང་དེ་དག་ལ་ལུང་བསྟན་གནང་སྟེ། ལྟོས་དང་། གཙོ་བོ་རང་ཉིད་ཀྱི་འཁོར་དམ་པ་ཁྲི་སྟོང་ཁྲིད་ནས་ཕེབས་ཏེ།
15 མི་ཐམས་ཅད་ཀྱི་སྟེང་དུ་ཁྲིམས་ཐག་གཅོད་ཅིང་། དད་གུས་མེད་པའི་མི་རྣམས་ཀྱིས་བྱས་པའི་དད་གུས་མེད་པའི་ལས་རྣམས་ལ་ར་སྤྲོད་མཛད་པ་དང་། དད་གུས་མེད་པའི་མི་སྡིག་ཅན་རྣམས་ཀྱིས་ཁོང་ལ་ཚིག་རྩུབ་སློག་པ་ཐམས་ཅད་ལ་ར་སྤྲོད་མཛད་ཅེས་གསུངས་སོ།།
16 མི་དེ་དག་གིས་སྡུག་སྐད་འདོན་པ་དང་། གཞན་ལ་སྐྱོན་འཛུགས་པ། རང་འདོད་བཞིན་སྤྱོད་པ། ངག་ནས་ཚིག་སྦོམ་སྨྲ་བ། རང་ལ་ཕན་ཐོགས་པའི་ཕྱིར་མི་ལ་ངོ་སོ་བྱེད་པའོ།།
བཟོད་བསྲན་བྱེད་པར་གདམས་པ།
17 སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་པ་རྣམས་ཀྱིས་སྔོན་ཆད་ཅི་གསུངས་པ་ཁྱོད་ཅག་གིས་དྲན་པར་གྱིས།
18 དེ་རྣམས་ཀྱིས་སྔོན་ཆད་ཁྱོད་ཅག་ལ་འདི་སྐད་དུ། མཐའ་མའི་དུས་སུ་འཕྱ་སྨོད་བྱེད་མཁན་འབྱུང་བར་ངེས་ལ། དེ་དག་གིས་རང་གི་དད་གུས་མེད་པའི་རང་འདོད་བཞིན་སྤྱོད་པར་འགྱུར་ཞེས་གསུངས་མྱོང་ངོ་།།
19 མི་དེ་དག་ནི་ཕྱོགས་ཁག་སྒྲིག་པར་མོས་པ་དང་། འཇིག་རྟེན་པའི་སེམས་དང་ལྡན་པ། དམ་པའི་ཐུགས་ཉིད་དང་མི་ལྡན་པ་བཅས་ཡིན།
20 སྙིང་ནས་བརྩེ་བའི་སྤུན་ཟླ་རྣམས། ཁྱོད་ཅག་གིས་མཆོག་ཏུ་དམ་པའི་དད་པ་ཡི་ནང་རང་ཉིད་བརྟན་པོ་བྱེད་དགོས་ཤིང་། དམ་པའི་ཐུགས་ཉིད་ཀྱི་ངང་ནས་གསོལ་འདེབས་ཞུ་བ་དང་།
21 གཞན་ཡང་མཐའ་མེད་པའི་ཚེ་སྲོག་ཏུ་དྲངས་པའི་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ལ་རེ་སྒུག་བྱེད་པའི་ཚེ། རང་ཉིད་ནི་དཀོན་མཆོག་གི་བྱམས་བརྩེའི་ནང་དུ་གནས་པར་གྱིས་ཤིག
22 མི་ལ་ལའི་སེམས་སུ་ཐེ་ཚོམ་སྐྱེས་ན། ཁྱོད་ཅག་གིས་དེ་དག་ལ་སྙིང་རྗེ་བསྐྱེད་པར་གྱིས།
23 ཡང་ལ་ལ་ནི་ཁྱོད་ཅག་གིས་མེ་ལས་བླངས་ཏེ་བསྐྱབ་པར་བྱའོ།། ཡང་ཁ་ཤས་ལ་ཁྱོད་ཅག་གིས་མཚེར་སྣང་གི་སེམས་དང་བཅས་སྙིང་རྗེ་བསྐྱེད་པ་དང་། ཐ་ན་འདོད་ཆགས་ཀྱི་དབང་གིས་མི་གཙང་བར་བྱས་པའི་གྱོན་གོས་དེ་ལའང་ཞེན་པ་ལོག་དགོས་སོ།།
བསྟོད་བསྔགས་བརྗོད་པ།
24 ཁྱོད་རྣམས་ས་ལ་མི་འགྱེལ་བ་དང་སྐྱོན་གྱི་དྲི་མས་མི་གོས་པར་བསྲུངས་ནས། ཁོང་གི་གཟི་བརྗིད་ཀྱི་དྲུང་དུ་དགའ་མགུ་ཡི་རང་ངང་ཚུགས་སུ་འཇུག་པར་མཛད་ནུས་པ་སྟེ།
25 བདག་ཅག་གི་སྐྱབས་མགོན་དཀོན་མཆོག་གཅིག་པུ་དེ་ཉིད་ལ། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས། བསྐལ་པ་ཐམས་ཅད་ཀྱི་ཡར་སྔོན་དང་དུས་ད་ལྟ་དང་། ཇི་སྲིད་བར་དུ་གཟི་བརྗིད་དང་། སྙན་གྲགས། ནུས་མཐུ། དབང་ཐང་བཅས་འབུལ་བར་བྱའོ། །ཨ་མེན།། །།