ལེའུ་སོ་གཉིས་པ།
ཨེལ་ལེ་ཧུ་ཡི་གཏམ།
1 དེ་ནས་མི་དེ་གསུམ་པོས་ཨེས་ཡོབ་ཁོང་ལ་ཞུ་ལན་མ་བཏབ་སྟེ། ཅིའི་ཕྱིར་ཞེ་ན། དེ་ཡི་སྣང་བར་རང་ཉིད་དྲང་པོ་ཡིན་པས་སོ། །
2 དེ་ནས་པུ་ཟེ་པ་ཡི་ཁོངས་སུ་གཏོགས་པའི་རཱམ་གྱི་རུས་རྒྱུད་ལས་པ་རག་ཨེལ་གྱི་བུ་ཨེལ་ལེ་ཧུ་ཁྲོས་ཤིང་། ཁོ་ནི་ཨེས་ཡོབ་ལ་ཤིན་ཏུ་ཁྲོས་པར་གྱུར་ཏེ། ཨེས་ཡོབ་ཀྱིས་དཀོན་མཆོག་གི་དྲུང་དུ་རང་ཉིད་དྲང་པོར་བརྩིས་པའི་ཕྱིར་རོ། །
3 ཡང་ཨེས་ཡོབ་ཀྱི་མཆེད་གྲོགས་གསུམ་པོ་ལའང་ཁྲོས་པར་གྱུར་ཏེ། གང་ལ་ཞེ་ན། ཁོ་ཚོས་ཞུ་ལན་འདེབས་རྒྱུ་མེད་བཞིན་དུ་ཨེས་ཡོབ་ཉེས་ཅན་དུ་བརྩིས་པས་སོ། །
4 ཡང་དེ་རྣམས་ཨེལ་ལེ་ཧུ་ལས་དགུང་ལོ་མཐོ་བའི་སྟབས་ཀྱིས། ཁོས་ཨེས་ཡོབ་ལ་གཏམ་གླེང་བར་བསྒུགས་བསྡད་ཅིང་།
5 ཁོས་མི་དེ་གསུམ་པོའི་ཁ་རུ་ལན་འདེབས་རྒྱུ་མེད་པ་མཐོང་ནས་ཤིན་ཏུ་ཁྲོ་བར་གྱུར།
6 པུ་ཟེ་པ་ཡི་པ་རག་ཨེལ་གྱི་བུ་ཨེལ་ལེ་ཧུ་ཡིས་ཞུ་ལན་བཏབ་ནས་སྨྲས་པ། བདག་ནི་གཞོན་ཞིང་ཁྱེད་ཅག་རབ་བགྲེས་པས། ། རང་ཚོད་བཟུང་ནས་བསམ་པ་བརྗོད་མ་ཕོད། །
7 རྒན་པ་རྣམས་ཀྱིས་སྔོན་ལ་གཏམ་བརྗོད་དེ། ། བགྲེས་པོས་ཤེས་རབ་སྟོན་པར་རིགས་ཞེས་བསམས། །
8 འོན་ཀྱང་མི་ནང་ཐུགས་ཉིད་བཞུགས་པ་དང་། ། ཀུན་དབང་ཁོང་གི་དབུགས་ཀྱིས་བློ་གྲོས་གནང་། །
9 བགྲེས་པོ་ཐམས་ཅད་མཁས་པ་ཡིན་པའི་ངེས་པ་མེད། ། རྒན་པ་ཀུན་གྱིས་ལེགས་ཉེས་རྟོགས་པའི་ངེས་པ་མེད། །
10 དེའི་ཕྱིར་བདག་ལ་གསོན་དང་བདག་གིས་ཞུ། ། བདག་གི་བསམ་པ་རྣམས་ཀྱང་བརྗོད་པར་བྱ། །
11 ཁྱེད་ཚོས་བརྗོད་པའི་གཏམ་ནི་རྙེད་བར་དུ། ། ལྟོས་དང་ཁྱེད་ཚོས་གསུང་ལ་བདག་གིས་བསྒུགས། ། ང་ཡིས་ཁྱེད་ཚོའི་རྩོད་པར་རྣ་བ་བླགས། །
12 བདག་གིས་ཁྱེད་ཚོའི་གཏམ་ལ་གཟབ་གཟབ་མཉན། ། ཁྱེད་ཅག་ནང་ནས་ཨེས་ཡོབ་དགག་མཁན་དང་། ། ཁོང་ལ་ཞུ་ལན་འདེབས་མཁན་གཅིག་མ་བྱུང་། །
13 ཁྱེད་ཚོས་འདི་ལྟར་བརྗོད་མི་ནུས། ། ངེད་ཀྱིས་ཤེས་རབ་རྙེད་བྱུང་སྟེ། ། དཀོན་མཆོག་ཁོ་ལས་རྒྱལ་ནུས་ཤིང་། ། མི་ནི་དེ་ལས་རྒྱལ་བ་མེད། །
14 ཨེས་ཡོབ་ཁོང་གིས་གཏམ་གྱིས་བདག་ལ་རྒོལ་བ་མིན། ། ཁྱེད་ཅག་བཞིན་དུ་བདག་གིས་ཁོང་ལ་ལན་མི་འདེབས། །
15 དེ་རྣམས་འཇིགས་སྐྲག་སྐྱེས་ཏེ་ལན་མ་བཏབ། ། མི་དེ་རྣམས་ལ་སྨྲ་བ་ཅི་ཡང་མེད། །
16 ཡིན་ཡང་དེ་ཚོས་གཏམ་ནི་མ་སྨྲས་ཤིང་། ། ཁ་རོག་བསྡད་ནས་ཞུ་ལན་མ་བཏབ་རྐྱེན། ། བདག་གིས་སྔར་བཞིན་བསྒུགས་ནས་སྡོད་འོས་སམ། །
17 ངས་ཀྱང་རང་གི་གཏམ་བཞིན་ལན་འདེབས་ཤིང་། ། བདག་གིས་རང་གི་བསམ་བློ་བརྗོད་པར་བྱ། །
18 གང་ལ་ཞེ་ན་བདག་ནང་གཏམ་གྱིས་གང་། ། ནང་གི་སེམས་ཉིད་ཀྱིས་ནི་བདག་ལ་བསྐུལ། །
19 ངའི་ཁོག་བུ་ག་མེད་པའི་ཆང་གི་སྐྱི་ཁུག་དང་། ། ཡང་ན་གས་ལ་ཉེ་བའི་རྐྱལ་བ་གསར་པ་བཞིན། །
20 བདག་བློ་བདེ་ཕྱིར་བདག་གིས་གླེང་དགོས་ཤིང་། ། བདག་གི་མཆུ་སྒྲོས་ཕྱེས་ནས་ལན་འདེབས་དགོས། །
21 བདག་གིས་མི་ཡི་ཁ་ངོར་མི་བལྟ་ཞིང་། ། ངོ་བསྟོད་ཡང་ནི་མི་ལ་མི་བྱེད་དེ། །
22 ངོ་བསྟོད་ཅི་ལྟར་བྱེད་པ་ངས་མི་ཤེས། ། ཤེས་ན་རང་ཉིད་སྐྲུན་མཁན་དཀོན་མཆོག་གིས། ། བདག་ནི་མྱུར་དུ་མེད་པར་མཛད་ངེས་ཡིན། །