ལེའུ་སོ་གཉིས་པ།
དྲང་བདེན་གྱི་རྒྱལ་པོ།
1 ལྟོས་དང་། རྒྱལ་པོ་ཞིག་གིས་དྲང་བདེན་ངང་ནས་སྲིད་སྐྱོང་ཞིང་། འགོ་དཔོན་རྣམས་ཀྱིས་ཉེ་རིང་མེད་པར་ཁྲིམས་སྐྱོང་བར་འགྱུར།
2 མི་ཞིག་ནི་རླུང་འཚུབ་ལ་བྱོལ་ས་དང་དྲག་ཆར་ལ་གཡོལ་ས། སྐམ་སའི་བཞུར་རྒྱུན། ཐན་པ་ཆེ་བའི་ཡུལ་ལ་བྲག་རི་ཆེན་པོའི་གྲིབ་བསིལ་ལྟ་བུར་འགྱུར།
3 དུས་དེར་མཐོང་ནུས་པའི་མིག་ནི་མི་བཙུམ་ལ། ཐོས་ནུས་པའི་རྣ་བས་ཀྱང་མཉན་པར་འགྱུར།
4 ངང་ཐུང་སེམས་ཀྱིས་ཤེས་བྱ་རྟོགས་ཤིང་། ལྕེ་དིག་ངག་ནས་སྐད་ཆ་གསལ་པོར་སྨྲ་ཐུབ་པར་འགྱུར།
5 དེ་ནས་བླུན་པོ་རྣམས་ཡ་རབས་སུ་མི་འབོད་ལ། ཁྲེལ་མེད་དག་ལ་ཆེ་བསྟོད་ཀྱང་མི་བྱེད།
6 གང་ལ་ཞེ་ན། བླུན་པོ་རྣམས་ཀྱིས་བླུན་གཏམ་སྨྲ་ཞིང་། སེམས་སུ་སྡིག་པའི་ལས་རྣམས་དྲན་ཏེ་དཀོན་མཆོག་ཁྱད་དུ་གསོད་པའི་དོན་ལ་གོམས་པ་དང་། འཆལ་གཏམ་སྨྲས་ནས་དཀོན་མཆོག་ཡ་ཝཱེ་ལ་རྒོལ་ཞིང་། བཀྲེས་ལྟོགས་ཀྱིས་མནར་བ་ཁོག་སྟོང་དུ་བསྐྱུར་བ་དང་། ཁ་སྐོམ་པའི་མི་ལ་བཏུང་བ་མི་སྤྲོད་དོ། །
7 ཁྲེལ་མེད་དག་གི་ཐབས་ལམ་ངན་པ་ཡིན་ཏེ། དེས་ཇུས་ངན་བརྩམས་ནས་རྫུན་གྱིས་དཀའ་སྡུག་གནས་སུ་ལྷུང་བ་རྣམས་བརླག་ཅིང་། དབུལ་ཕོངས་དག་གིས་དྲང་གཞག་བརྗོད་པའི་སྐབས་སུའང་དེས་དེ་བཞིན་སྤྱོད་པ་ཡིན།
8 འོན་ཀྱང་། ཡ་རབས་ཀྱིས་སྤྱོད་པ་ཡ་རབས་འཚོལ་ཞིང་། དེ་སྤྱོད་པ་ཡ་རབས་ཀྱི་ཐད་བརྟན་པོར་ཚུགས་པ་ཡིན།
9 ཀྱེ་ལྷོད་ལ་བབས་པའི་བུད་མེད་རྣམས། ཁྱོད་རྣམས་ཡར་ལངས་ནས་ངའི་སྐད་ལ་ཉོན་ཅིག བག་ཡངས་སུ་སྡོད་པའི་བུ་མོ་ཁྱོད་ཅག་གིས་ངའི་གཏམ་ལ་རྣ་བ་གཏོད་ཅིག
10 ཀྱེ་བག་ཡངས་སུ་སྡོད་པའི་བུ་མོ་རྣམས། ལོ་འཁོར་གཅིག་ལྷག་གི་རྗེས་སུ་ཁྱོད་རྣམས་དཀའ་སྡུག་དང་འཕྲད་པར་འགྱུར། ཅིའི་ཕྱིར་ཞེ་ན། རྒུན་འབྲུམ་ཤིང་ལ་འབྲས་བུ་མི་ཐོགས་ཤིང་། ལོ་ཏོག་བསྡུ་བའི་དུས་ཀྱང་འབྱུང་བར་མི་འགྱུར་རོ། །
11 ཀྱེ་ལྷོད་ལ་བབས་པའི་བུད་མེད་ཁྱོད་རྣམས་ཧ་ལས་པར་འགྱུར་ཞིང་། བག་ཡངས་སུ་སྡོད་པའི་བུ་མོ་ཁྱོད་ཅག་གིས་དཀའ་སྡུག་མྱང་བར་འགྱུར། གོས་རྣམས་ཕུད་ནས་གཅེར་བུར་སྡོད་ཅིང་སྐེད་པར་རྩིད་རས་དཀྲིས་ཤིག
12 ཁྱོད་རྣམས་ཉམས་དགའ་བའི་ས་ཞིང་དང་། འབྲས་བུ་མོད་པོ་ཐོགས་པའི་རྒུན་འབྲུམ་ཤིང་གི་དོན་དུ་བྲང་ཁོག་རྡུང་བཞིན་ངུ་བར་གྱིས་ཤིག
13 ངའི་འབངས་ཀྱི་ས་ལས་སྐྱེས་པའི་ཚེར་མ་དང་སྤྱང་ཚེར་གྱི་ཕྱིར་དུ་ངུ་བར་གྱིས། དགའ་སྤྲོ་ལྡན་པའི་གྲོང་ཁྱེར་དང་ཁྱིམ་སྐྱིད་པོའི་ཕྱིར་དུའང་དེ་ལྟར་བྱའོ། །
14 གང་ལ་ཞེ་ན། ཕོ་བྲང་རྣམས་འདོར་ཞིང་མི་ཚོགས་ཀྱིས་གང་བའི་གྲོང་ཁྱེར་ཡང་བསྐྱུར་བར་འགྱུར་ལ། རི་སྒང་དང་བྱ་རའི་ལྕོག་མཁར་ཡང་རྒྱུན་ནས་རྒྱུན་དུ་ས་ཕུག་ཏུ་གྱུར་ནས་རྐྱང་ཚོགས་དགའ་བའི་གནས་དང་ལུག་ཁྱུའི་རྩྭ་ས་རུ་འགྱུར།
15 དེ་ནས་སྟེང་ཕྱོགས་ནས་རང་ཅག་གི་ཐོག་ཏུ་ཐུགས་ཉིད་གནང་སྟེ། དབེན་སྟོང་ནི་ས་ཞིང་གཤིན་པོ་དང་། ས་ཞིང་གཤིན་པོ་ནགས་ཚལ་དུ་འགྱུར་དུས།
16 དབེན་སྟོང་དུ་དྲང་གཞག་དང་། ས་ཞིང་གཤིན་པོའི་ནང་དུ་དྲང་བདེན་གནས་པར་འགྱུར།
17 དྲང་བདེན་གྱི་འབྲས་བུ་ནི་ཞི་བདེ་དང་། དྲང་བདེན་གྱི་གྲུབ་འབྲས་ནི་དུས་གཏན་གྱི་ལྷིང་འཇགས་དང་བརྟན་བརླིང་ཡིན་ནོ། །
18 དུས་དེར་བདག་གི་འབངས་རྣམས་ཞི་བདེའི་གནས་དང་བརྟན་བརླིང་གི་གཞིས་ཀ་དང་། ཟང་ཟིང་མེད་པའི་ངལ་གསོའི་ཡུལ་རྣམས་སུ་གནས་པར་འགྱུར།
19 ཡིན་ཡང་དགྲ་བོའི་ཡུལ་དུ་སེར་བ་བབས་ཏེ་ཁོ་ཚོའི་ནགས་ཚལ་བརླག་ཅིང་། དེ་དག་གི་གྲོང་ཁྱེར་ནི་ས་བདེ་ཐང་བདེ་རུ་བསྒྱུར་རོ། །
20 ཆུ་ཀུན་གྱི་འགྲམ་དུ་ཞིང་འདེབས་པ་དང་། གླང་དང་བོང་བུ་རྣམས་དེར་རང་དབང་གིས་འཚོ་བ་ཁྱོད་རྣམས་ཅི་འདྲའི་བདེ་བ་ལ་ཨང་།