ལེའུ་བཞི་པ།
མོ་ཤེ་ལ་དོན་ངོ་མཚར་ཅན་སྣང་བ།
1 དེ་ཡང་མོ་ཤེ་ཡིས་འདི་ལྟར་ལན་ཞུས་པ་སྟེ། ཡེས་ར་ཨེལ་པ་རྣམས་ཀྱིས་བདག་ལ་ཡིད་མི་ཆེས་ཤིང་ངའི་གཏམ་ལའང་མཉན་མི་སྲིད་ལ། དཀོན་མཆོག་ཡ་ཝཱེ་ནི་ཁྱོད་ལ་མངོན་པར་མ་མཛད་ཅེས་སྨྲ་ངེས་ཡིན་ཞེས་པ་དང་།
2 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱི་ལག་ཏུ་ཡོད་པ་དེ་ཅི་ཞེས་བཀའ་འདྲི་གནང་བ་ལ། ཁོས་འཁར་བ་ཡིན་ཞེས་ཞུས།
3 ཡང་དཀོན་མཆོག་ཡ་ཝཱེས་འཁར་བ་ས་ལ་ཕོངས་ཤིག་ཅེས་བཀའ་བསྩལ་པ་དང་། མོ་ཤེ་ཡིས་དེ་ས་ལ་འཕངས་པ་ན་སྦྲུལ་ཞིག་ཏུ་གྱུར་པས་ཁོ་བྲོས་པ་རེད།
4 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ། ལག་པ་བརྐྱངས་ཏེ་སྦྲུལ་གྱི་མཇུག་མ་ཟུངས་དང། དེ་ནི་ཁྱོད་ཀྱི་ལག་ཏུ་སྔར་བཞིན་འཁར་བ་རུ་འགྱུར་ངེས་ཡིན་ཞེས་གསུངས་ཤིང་། མོ་ཤེ་ཡིས་ལག་པ་བརྐྱངས་ནས་སྦྲུལ་དེ་བཟུང་བ་ལ་དེ་ཁོའི་ལག་ཏུ་ཕྱིར་འཁར་བ་རུ་གྱུར་ཏོ། །
5 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེའི་རྒྱུ་མཚན་ནི་ཁོ་རྣམས་ཀྱི་ཕ་མེས་ཡང་མེས་ཀྱི་དཀོན་མཆོག་ཡ་ཝཱེ་སྟེ། ཨབ་ར་ཧམ་གྱི་དཀོན་མཆོག་དང་། ཨི་སཱག་གི་དཀོན་མཆོག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ནི་ཁྱོད་ལ་མངོན་པར་གྱུར་པ་ལ་ཁོ་རྣམས་ཡིད་ཆེས་སུ་འཇུག་པའི་ཕྱིར་ཡིན་ཞེས་གསུངས་སོ། །
6 ཡང་དཀོན་མཆོག་ཡ་ཝཱེས་ཁོ་ལ། ལག་པ་རུམ་དུ་ཆུག་ཅེས་གསུངས་པ་དང་། ཁོས་ཀྱང་ལག་པ་རུམ་དུ་བཅུག་ནས་ཕྱིར་ཕྱུང་བ་ན། བསམ་ཡིད་ལས་འདས་པ་ཞིག་ལ། ལག་པར་མཛེ་ནད་བྱུང་སྟེ་ཁ་བའི་མདོག་ལྟར་དཀར་པོར་གྱུར་པའོ། །
7 ཡང་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཡང་ཁྱོད་ཀྱི་ལག་པ་རུམ་དུ་ཆུག་ཅེས་གསུངས་པ་དང་། ཁོས་ཀྱང་ལག་པ་རུམ་དུ་བཅུག་ནས་ཕྱིར་ཕྱུང་བ་ན། བསམ་ཡིད་ལས་འདས་པ་ཞིག་ལ། ལག་པ་སྔར་བཞིན་གྱུར་ཅིང་ལུས་སྟེང་གི་ཤ་དང་གཅིག་འདྲ་བྱུང་ངོ་། །
8 ཡང་དཀོན་མཆོག་གིས་འདི་སྐད་དུ། གལ་སྲིད་དེ་རྣམས་ཀྱིས་ཁྱོད་ཀྱི་བཀའ་ལ་མི་མཉན་པ་དང་། གྲུབ་རྟགས་དང་པོར་ཡིད་མ་ཆེས་ན། ཁོ་རྣམས་གྲུབ་རྟགས་གཉིས་པར་ཡིད་ཆེས་ངེས་ཡིན།
9 འོན་ཀྱང་དེ་རྣམས་གྲུབ་རྟགས་འདི་གཉིས་པོར་ཡིད་མི་ཆེས་ཤིང་ཁྱོད་ཀྱི་བཀའ་ལའང་མི་མཉན་ན། ཁྱོད་ཀྱིས་ནཱ་ཡོལ་གཙང་པོ་ནས་ཆུ་ཉུང་ཙམ་བླངས་ཏེ་སྐམ་ས་རུ་གཏོར་ཅིག ཁྱོད་ཀྱིས་གཙང་པོ་ནས་བླངས་པའི་ཆུ་ནི་སྐམ་ས་རུ་ཁྲག་ཏུ་འགྱུར་ངེས་ཡིན་ཞེས་གསུངས།
10 ཡང་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེ་ལ་འདི་ལྟར། ཀྱེ་གཙོ་བོ་ལགས། ང་ནི་མ་གཞི་ནས་སྨྲ་བརྗོད་ལ་མཁས་པ་ཞིག་མིན་ཏེ། ཁྱེད་ཀྱིས་རང་གི་ཞབས་ཕྱི་བདག་ལ་བཀའ་གནང་བའི་རྗེས་སུའང་འདི་ལྟར་ཡིན་ལ། ང་ནི་མ་གཞི་ནས་སྨྲ་ལྕེ་རྟུལ་པོ་ཞིག་ཡིན་ཞེས་སྨྲས།
11 ཡང་དཀོན་མཆོག་ཡ་ཝཱེས་ཁོ་ལ་འདི་སྐད་དུ། མི་རྣམས་ཀྱི་ཁ་ནི་སུས་བཟོས་པ་ཡིན་ནམ། ཡང་སུ་ཞིག་གིས་མི་རྣམས་ལྐུགས་པའམ་ཡང་ན་འོན་པ། མིག་གསལ་བའམ་ཡང་ན་ལོང་པ་སོགས་སུ་བྱས་སམ། དེ་ནི་ཡ་ཝཱེ་ང་རང་མ་ཡིན་ནམ།
12 ད་ལྟ་སོང་དང་། བདག་གིས་ཁྱོད་ལ་སྨྲ་ལྕེ་སྦྱིན་ཞིང་ཁྱོད་ཀྱིས་ཅི་ཞིག་སྨྲ་འོས་པ་དེ་སྟོན་ངེས་ཡིན་ཞེས་གསུངས་པ་ལ།
13 མོ་ཤེ་ན་རེ། གཙོ་བོ་ལགས། ཁྱེད་ཀྱིས་སུ་ཞིག་མངག་འདོད་ན་དེ་ཉིད་མངག་པར་བྱའོ་ཞེས་ཞུས་སོ། །
14 དེ་ནས་དཀོན་མཆོག་ཡ་ཝཱེ་ཁོང་ཉིད་མོ་ཤེ་ལ་ཐུགས་ཁྲོས་ཏེ་འདི་སྐད་དུ། ལེ་ཝི་པ་ཨ་རོན་ཁྱོད་ཀྱི་གཅེན་པོ་མ་ཡིན་ནམ། ཁོ་ནི་སྨྲ་བརྗོད་ལ་མཁས་པ་ཞིག་ཡིན་པ་ངས་ཤེས་ཤིང་། ད་ལྟ་ཁོ་རང་ཁྱོད་བསུ་བར་ཡོང་བཞིན་ཡོད་དེ། ཁོས་ཁྱོད་རང་མཐོང་བ་དང་སྙིང་ནས་དགའ་བར་འགྱུར།
15 ཁྱོད་ཀྱིས་གཏམ་དེ་ཨ་རོན་ལ་སྨྲ་དགོས་ཤིང་། བདག་གིས་ཀྱང་ཁྱོད་གཉིས་ལ་སྨྲ་ལྕེ་སྦྱིན་ཏེ། ལས་ཅི་བྱེད་དགོས་པའང་སྟོན་པར་བྱ།
16 ཁོས་ཁྱོད་ཀྱི་ཚབ་ཏུ་འབངས་མི་རྣམས་ལ་གཏམ་སྨྲ་དགོས་ཤིང་། ཁྱོད་ཀྱིས་ཁོ་ནི་རང་གི་ཁ་བཞིན་དུ་བྱེད་པ་དང་། ཁོས་ཁྱོད་ནི་དཀོན་མཆོག་ལྟ་བུར་བྱེད་དགོས།
17 གྲུབ་རྟགས་སྟོན་པའི་ཕྱིར་ཁྱོད་ཀྱིས་འཁར་བ་འདི་ལག་ཏུ་ཟུངས་ཤིག་ཅེས་གསུངས་སོ། །
མོ་ཤེ་ཕྱིར་ཨེ་ཅིབ་ཡུལ་དུ་ལོག་པ།
18 དེ་ནས་མོ་ཤེ་རང་གི་སྒྱུག་པོ་ཡི་ཏྲོའི་དྲུང་དུ་ཕྱིར་ལོག་སྟེ་ཁོ་ལ། ཨེ་ཅིབ་ཡུལ་དུ་ཡོད་པའི་སྤུན་རྣམས་གསོན་མིན་ལ་བལྟ་བའི་ཕྱིར། ང་རང་དེ་དག་གི་གམ་དུ་འགྲོ་རུ་འཇུག་པར་མཛོད་ཅེས་སྨྲས་པ་ལ། ཡི་ཏྲོས་མོ་ཤེ་ལ། ཁྱོད་རང་བདེ་བར་སོང་ཞིག་ཅེས་སྨྲས།
19 དཀོན་མཆོག་ཡ་ཝཱེས་མིད༌ཡཱན་ཡུལ་དུ་མོ་ཤེ་ལ་འདི་སྐད་དུ། ད་ཨེ་ཅིབ་ཡུལ་དུ་ཕྱིར་ལོག་ཅིག་དང་། ཁྱོད་རང་གསོད་འདོད་པའི་མི་ཐམས་ཅད་ཤི་ཟིན་པས་ཁྱོད་ཨེ་ཅིབ་ཡུལ་དུ་ཕྱིར་ལོག་དང་ཞེས་གསུངས་པ་ལ།
20 མོ་ཤེ་ཡིས་རང་གི་ཆུང་མ་དང་བུ་གཉིས་ཁྲིད་ཅིང་། ཁོ་རྣམས་བོང་བུར་བསྐྱོན་ནས་ཨེ་ཅིབ་ཡུལ་དུ་ཕྱིར་ལོག་པ་དང་། ཁོའི་ལག་ཏུ་དཀོན་མཆོག་གི་འཁར་བ་ཐོགས་སོ། །
21 དེ་ནས་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་རང་ཨེ་ཅིབ་ཡུལ་དུ་ཕྱིར་ལོག་རྗེས། ངས་ཁྱོད་ལ་བསྟན་པའི་དོན་ངོ་མཚར་ཅན་ཐམས་ཅད་ཕཱར་ཨོལ་གྱི་མདུན་དུ་སྟོན་པར་གཟབ་གཟབ་གྱིས། འོན་ཀྱང་བདག་གིས་ཕཱར་ཨོལ་གྱི་སེམས་གྱོང་པོར་བྱས་པས་ཁོས་འབངས་མི་རྣམས་འགྲོ་རུ་འཇུག་མི་སྲིད།
22 དེ་ནས་ཁྱོད་ཀྱིས་ཕཱར་ཨོལ་ལ། དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་ནི་བདག་གི་སྲས་ཐོག་མ་ཡིན་ལ།
23 བདག་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་བདག་གི་སྲས་འགྲོ་རུ་ཆུག་ཅེས་ངས་ཁྱོད་ལ་སྨྲས་མྱོང་ནའང་། ཁྱོད་ཀྱིས་ཁོ་རང་འགྲོ་རུ་མ་བཅུག་པས། ལྟོས་དང་། ངས་ཁྱོད་ཀྱི་བུ་ཐོག་མ་གསོད་པར་བྱ་གསུངས་ཞེས་སྨྲོས་ཤིག་ཅེས་གསུངས།
24 དེ་ནས་ལམ་ལ་ཞག་སྡོད་བྱེད་པའི་གནས་ཤིག་ཏུ་དཀོན་མཆོག་ཡ་ཝཱེས་མོ་ཤེ་དང་ཕྲད་དེ་ཁོ་རང་གསོད་རྩིས་བྱས་པ་ལ།
25 ཚིབ་ཕའོ་རཱས་མེ་ཆ་ཞིག་བླངས་ནས་རང་གི་བུའི་མཚན་སྐྱི་བཅད་དེ་མོ་ཤེའི་རྐང་པའི་མདུན་དུ་འཕངས་ཏེ་ན་རེ། ཁྱོད་ནི་དངོས་གནས་ངའི་ཁྲག་གི་མག་པ་ཡིན་འདུག་ཅེས་སྨྲས།
26 དེ་ནས་དཀོན་མཆོག་ཡ་ཝཱེས་ད་གཟོད་ཁོ་རང་སྲོག་ཐར་བཏང་ཞིང་། ཚིབ་ཕའོ་རཱས་ཁྱོད་ནི་མཚན་སྐྱི་བཅད་པའི་ཕྱིར་ཁྲག་གི་མག་པ་ཡིན་ཞེས་སྨྲས་སོ། །
27 ཡང་དཀོན་མཆོག་ཡ་ཝཱེས་ཨ་རོན་ལ་འདི་སྐད་དུ། ཁྱོད་རང་དབེན་སྟོང་དུ་མོ་ཤེ་བསུ་བར་སོང་ཞིག་ཅེས་བཀའ་གནང་བ་དང་། ཨ་རོན་སོང་ནས་དཀོན་མཆོག་གི་རི་བོ་ནས་མོ་ཤེ་དང་ཕྲད་དེ་འགྲམ་པར་འོ་བྱས།
28 དེ་ནས་མོ་ཤེ་ཡིས་དཀོན་མཆོག་ཡ་ཝཱེས་ཁོ་རང་མངགས་ཤིང་རང་ལ་བཀའ་ཅི་གནང་བ་ཐམས་ཅད་དང་། གྲུབ་རྟགས་གང་དག་སྟོན་དགོས་པ་ཐམས་ཅད་ཨ་རོན་ལ་སྨྲས།
29 དེར་མོ་ཤེ་དང་ཨ་རོན་གཉིས་སོང་ནས་ཡེས་ར་ཨེལ་གྱི་རྒན་པོ་ཐམས་ཅད་བསྡུས་ནས།
30 དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་གསུངས་པའི་བཀའ་ཐམས་ཅད་ཨ་རོན་གྱིས་ཐེངས་གཅིག་ལ་སྨྲས་པ་དང་། ཡང་མི་རྣམས་ཀྱི་མིག་འདུན་དུ་གྲུབ་རྟགས་བསྟན་པས།
31 འབངས་མི་རྣམས་ཡིད་ཆེས་ཏེ་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་རྣམས་ལ་ཐུགས་བརྩེ་དགོངས་ཤིང་། ཁོ་རྣམས་ཀྱི་སྡུག་བསྔལ་ཡང་གཟིགས་པས། ཁོ་རྣམས་ཀྱིས་མགོ་བོ་བཏུད་ནས་ཕྱག་བཙལ་ཏོ། །