ལེའུ་དགུ་པ།
ཡ་ཧུ་དཱ་པ་དགྲ་ལས་རྣམ་པར་རྒྱལ་བ།
དེ་ནས་ཟླ་བ་བཅུ་གཉིས་པ་སྟེ་ཨ་དཱར་ཟླ་བའི་ཚེས་བཅུ་གསུམ་ལ། རྒྱལ་པོའི་བཀའ་ལག་བསྟར་བྱེད་པའི་དུས་ལ་སླེབས་ཏེ། དགྲ་བོས་ཡ་ཧུ་དཱ་པ་རྣམས་དབང་དུ་བསྡུ་བར་རེ་སྒུག་བྱས་ནའང་། དེ་ལས་ལྡོག་སྟེ། ཡ་ཧུ་དཱ་པ་རྣམས་ཀྱིས་རང་ལ་སྡང་བའི་མི་རྣམས་དབང་དུ་བསྡུས་སོ། ། ཡ་ཧུ་དཱ་པ་རྣམས་རྒྱལ་པོ་ཨ་ཧཱ་ཝེ་རོའི་ལྗོངས་སོ་སོའི་གྲོང་ཁྱེར་ནང་དུ་འཚོགས་པ་དང་། ཁོ་རྣམས་ལ་གནོད་སྐྱེལ་མཁན་ཐམས་ཅད་བསད་ཅིང་། མི་ཐམས་ཅད་དེ་དག་ལ་འཇིགས་པས་སུས་ཀྱང་འགོག་རྒོལ་བྱེད་མ་ནུས་སོ། ། དེ་ནས་ལྗོངས་སོ་སོའི་དཔོན་རིགས་དང་སྤྱི་དཔོན། འགོ་དཔོན། རྒྱལ་པོའི་ལས་གཉེར་པ་ཀུན་མོར་དོ་ཀཱ་ཨི་ལ་སྐྲག་པའི་རྐྱེན་གྱིས་ཡ་ཧུ་དཱ་པ་རྣམས་ལ་དཔུང་གྲོགས་བྱས་སོ། ། ཡང་མོར་དོ་ཀཱ་ཨི་ནི་རྒྱལ་པོའི་ཕོ་བྲང་དུ་ཆེན་པོར་གྱུར་ཏེ། ཁོའི་སྙན་གྲགས་ལྗོངས་སོ་སོར་ཁྱབ་ཅིང་། ཁོའི་དབང་ཤུགས་ཉིན་རེ་ནས་ཉིན་རེར་ཆེ་རུ་རྒྱས་སོ། ། ཡ་ཧུ་དཱ་པ་རྣམས་ཀྱིས་དགྲ་ནག་ཐམས་ཅད་རལ་གྲིས་བརྒྱབ་ནས་བསད་ཅིང་མེད་པར་བྱས་པ་དང་། རང་ལ་སྡང་བ་ཀུན་ལ་འདོད་པ་ལྟར་དུ་བྱས་སོ། །
ཡ་ཧུ་དཱ་པས་སོའུ་སཱན་མཁར་དུ་མི་ལྔ་བརྒྱ་བསད་ནས་མེད་པར་བྱས་སོ། ། ཁོ་རྣམས་ཀྱིས་པཱར་ཤན་དཱ་ཐ་དང་། དལ་ཕོན། ཨ་སི་པཱ་ཐཱ། ཕོ་ར་ཐཱ། ཨ་དཱལ་ཡ། ཨ་རི་དཱ་ཐ། པར་མས་ཏཱ། ཨ་རི་ས་ཨི། ཨ་རི་དཱ་ཨི། ཝ་ཡེ་ཟ་ཐཱ་བཅས་བསད། 10 དེ་བཅུ་པོ་ནི་ཧམ་མེ་དཱ་ཐའི་ཚ་བོ་དང་། ཡ་ཧུ་དཱ་པ་རྣམས་ལ་བཙན་གནོན་གཏོང་མཁན་ཧ་མཱན་གྱི་བུ་ཡིན། འོན་ཀྱང་ཡ་ཧུ་དཱ་པ་ཚོས་ཁོ་ཚོའི་རྒྱུ་ནོར་ལ་ལག་པས་མ་རེག་གོ །
11 ཉིན་དེར། སོའུ་སཱན་མཁར་དུ་བསད་པའི་མིའི་བསྡོམས་གྲངས་ནི་རྒྱལ་པོའི་དྲུང་དུ་རྩིས་སྤྲོད་ཞུས་སོ། ། 12 རྒྱལ་པོས་རྒྱལ་མོ་ཨེས་སི་ཐེར་ལ། ཡ་ཧུ་དཱ་པ་རྣམས་ཀྱིས་སོའུ་སཱན་མཁར་དུ་མི་ལྔ་བརྒྱ་བསད་པ་དང་། ཧ་མཱན་གྱི་བུ་བཅུ་པོའང་བསད་དེ་མེད་པར་བྱས་པས། ལྗོངས་གཞན་རྣམས་སུ་དེ་དག་གིས་ཅི་བྱས་མི་ཤེས། ཁྱོད་ལ་ད་དུང་ཅི་དགོས་ནའང་ངས་གནང་བར་བྱ། ད་དུང་ཞུ་བ་ཅི་ཞིག་ཡོད་ཀྱང་བདག་གིས་བསྒྲུབ་པར་བྱའོ་ཞེས་སྨྲས་སོ། ། 13 དེ་ནས་ཨེས་སི་ཐེར་གྱིས། གལ་ཏེ་རྒྱལ་པོའི་ཐུགས་དགྱེས་ན། སོའུ་སཱན་མཁར་དུ་ཡོད་པའི་ཡ་ཧུ་དཱ་པ་རྣམས་ལ། སང་ཉིན་ཡང་དེ་རིང་གི་བཀའ་བཞིན་བྱེད་དུ་འཇུག་པ་དང་། ད་དུང་ཧ་མཱན་གྱི་བུ་བཅུ་པོའི་བེམ་པོ་འཕྱར་ཤིང་སྟེང་དཔྱང་བར་མཛོད་ཅེས་ཞུས་པས། 14 རྒྱལ་པོས་ཆོག་མཆན་གནང་ནས་བཀའ་ཤོག་སོའུ་སཱན་ཡོངས་ལ་ཁྱབ་ཅིང་། ཧ་མཱན་གྱི་བུ་བཅུ་པོའི་བེམ་པོ་ཡང་འཕྱར་ཤིང་སྟེང་དཔྱངས་པ་རེད། 15 དེ་ནས་སོའུ་སཱན་མཁར་དུ་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཨ་དཱར་ཟླ་བའི་ཚེས་བཅུ་བཞི་ལའང་གནས་དེར་འདུས་ཏེ། མི་སུམ་བརྒྱ་བསད་ཅིང་རྒྱུ་ནོར་འཕྲོག་བཅོམ་མ་བྱས་སོ། ། 16 ཡང་རྒྱལ་པོའི་ལྗོངས་སོ་སོར་ཡོད་པའི་ཡ་ཧུ་དཱ་པ་གཞན་རྣམས་ཀྱང་འདུས་ཏེ། རང་གི་ཚེ་སྲོག་ལ་སྲུང་སྐྱོབ་བྱས་ཤིང་། དགྲ་ལས་ཐར་ཏེ་ཞི་བར་གནས་པ་དང་། རང་ལ་སྡང་བ་རྣམས་ལས་ཁྲི་བདུན་དང་སྟོང་ལྔ་བསད། འོན་ཀྱང་རྒྱུ་ནོར་འཕྲོག་བཅོམ་མ་བྱས་སོ། །
17 ཨ་དཱར་ཟླ་བའི་ཚེས་བཅུ་གསུམ་ལ་དེ་ལྟར་བྱས་ཤིང་ཚེས་བཅུ་བཞི་ལ་ངལ་གསོ་བྱས་པ་དང་། ཉིན་མོ་དེ་ནི་དགའ་སྤྲོའི་དུས་ཆེན་ལ་གཏན་འཁེལ་བྱས་སོ། །
པུ་རིམ་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
18 ཡིན་ནའང་། སོའུ་སཱན་མཁར་དུ་ཡོད་པའི་ཡ་ཧུ་དཱ་པ་རྣམས་ཚེས་བཅུ་གསུམ་དང་བཅུ་བཞི་གཉིས་པོར་འདུས་ནས། ཚེས་བཅོ་ལྔ་ལ་ངལ་གསོ་བྱས་ཤིང་། ཉིན་མོ་དེ་ནི་དགའ་སྤྲོའི་དུས་ཆེན་ལ་གཏན་འཁེལ་བྱས་སོ། ། 19 དེའི་ཕྱིར། མཁར་གྱང་མེད་པའི་ཡུལ་ཚོའམ་གྲོང་རྡལ་ལ་གནས་པའི་ཡ་ཧུ་དཱ་པ་རྣམས་ཀྱིས། ཨ་དཱར་ཟླ་བའི་ཚེས་བཅུ་བཞི་ནི་གསོལ་སྟོན་བཤམས་ནས་སྤྲོ་སྐྱིད་གཏོང་བའི་ཉིན་བཟང་དུ་གཏན་འཁེལ་བྱས་ཤིང་། གཅིག་གིས་གཅིག་ལ་ལེགས་སྐྱེས་རྫོང་བའོ། །
20 མོར་དོ་ཀཱ་ཨི་ཡིས་དོན་དེ་རྣམས་ཟིན་ཐོར་བཀོད་ནས་རྒྱལ་པོ་ཨ་ཧཱ་ཝེ་རོའི་ལྗོངས་སོ་སོ་སྟེ་ཐག་ཉེ་རིང་གང་སར་གནས་པའི་ཡ་ཧུ་དཱ་པ་ཐམས་ཅད་ལ་ཡི་གེ་བསྐུར་ཞིང་། 21 ཨ་དཱར་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་པོ་ལོ་ལྟར་དུ་བརྩི་སྲུང་བྱེད་དགོས་པ་དང་། 22 ཉིན་དེ་གཉིས་ནི་ཡ་ཧུ་དཱ་པ་རྣམས་རང་གི་དགྲ་བོ་ལས་ཐར་ནས་ཞི་བདེ་ཐོབ་པ་དང་། སྡུག་བསྔལ་ནས་དགའ་སྤྲོ་དང་། མྱ་ངན་ནས་བདེ་སྐྱིད་དུ་གྱུར་པའི་ཉིན་བཟང་པོར་བརྩི་བར་མ་ཟད། ཉིན་དེ་གཉིས་ལ་གསོལ་སྟོན་བཤམས་ནས་སྤྲོ་སྐྱིད་གཏོང་བ་དང་། གཅིག་གིས་གཅིག་ལ་ལེགས་སྐྱེས་རྫོང་བ། དབུལ་ཕོངས་ལ་སྦྱིན་པ་གཏོང་བར་བསྒོས་སོ། ། 23 དེ་ནས་ཡ་ཧུ་དཱ་པ་རྣམས་ཀྱིས་མོར་དོ་ཀཱ་ཨིས་ཁོ་རང་ཚོར་བྲིས་པའི་ཡི་གེ་བཞིན་དུ་བྱེད་པ་དང་། ཐོག་མར་ཇི་ལྟར་བསྲུངས་པ་བཞིན་ཉིན་མོ་དེ་གཉིས་བསྲུང་བར་ཁས་བླངས་སོ། །
24 ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱ་པ་རྣམས་ལ་བཙན་གནོན་གཏོང་མཁན་ཏེ་ཨ་གག་པ་ཧམ་མེ་དཱ་ཐའི་བུ་ཧ་མཱན་གྱིས། ཡ་ཧུ་དཱ་པ་རྣམས་མེད་པར་བྱེད་ཆེད་གྲོས་ངན་བཏབ་ཅིང་པུར་བྱ་བའི་རྒྱན་བླངས་ནའང་། 25 གྲོས་ངན་དེ་རྒྱལ་པོར་ཞུས་པ་ལ། རྒྱལ་པོས་བཀའ་མཆིད་བསྩལ་ནས་བཀའ་བསྒོས་པ་དང་། ཡ་ཧུ་དཱ་པ་རྣམས་མེད་པར་བཟོ་བའི་ཧ་མཱན་གྱི་གྲོས་ངན་དེ་ཁོ་རང་གི་མགོ་ལ་བབས་ཤིང་། ཁོ་དང་ཁོའི་བུ་ཐམས་ཅད་འཕྱར་ཤིང་སྟེང་དཔྱངས་པ་རེད། 26 དེའི་ཕྱིར། ཡ་ཧུ་དཱ་པ་རྣམས་ཀྱིས་པུར་གྱི་མིང་ལྟར་ཉིན་འདི་གཉིས་ལ་པུ་རིམ་ཞེས་བཏགས་སོ། །དེ་ཡང་ཡི་གེ་དེའི་ཚིག་དང་། ཁོ་ཚོ་རང་གིས་མཐོང་བ་དང་། ཁོ་ཚོ་རང་ཉིད་ཕྲད་པ་ལ་བརྟེན་ནས། 27 རང་ཉིད་དང་རང་གི་བུ་རྒྱུད་དང་། རང་གི་ཁྲོད་དུ་འདྲེས་པ་ཐམས་ཅད་ཀྱིས་ལོ་རེ་བཞིན་ཡིག་ཐོག་ཏུ་བཀོད་པ་ལྟར་དུ། དུས་ལྟར་ཉིན་དེ་གཉིས་ཀ་བསྲུང་བར་ཁས་བླངས་ཤིང་ནམ་ཡང་མ་ཆད་དོ། ། 28 ལྗོངས་དང་གྲོང་ཁྱེར་སོ་སོ་དང་། དུས་རབས་རེ་རེ་དང་། ཁྱིམ་ཚང་རེ་རེ་བཅས་ཐམས་ཅད་ཀྱིས་ཉིན་མོ་འདི་གཉིས་དྲན་གསོ་བྱས་ཤིང་བསྲུངས་པ་དང་། པུ་རིམ་གྱི་ཉིན་མོ་འདི་གཉིས་ཡ་ཧུ་དཱ་པའི་ཁྲོད་དུ་ནམ་ཡང་ཆད་མི་རུང་བ་དང་། ཁོ་ཚོའི་མི་རབས་རྗེས་མ་རྣམས་ཀྱིས་ཀྱང་གཏན་ནས་བརྗེད་མི་ཆོག་པར་མཛད་དོ། །
29 དེ་ནས་ཨ་བི་ཧ་ཡིལ་གྱི་བུ་མོ་སྟེ་རྒྱལ་མོ་ཨེས་སི་ཐེར་དང་། ཡ་ཧུ་དཱ་པ་མོར་དོ་ཀཱ་ཨི་གཉིས་ཀྱིས་དབང་ཆ་ཡོངས་རྫོགས་སྤྱད་ནས་པུ་རིམ་གྱི་སྐོར་ལ་འཕྲིན་ཡིག་གཉིས་པ་བྲིས་ཤིང་། 30 ཞི་དུལ་ཟོལ་མེད་ཀྱི་ཚིག་གིས་རྒྱལ་པོ་ཨ་ཧཱ་ཝེ་རོའི་རྒྱལ་ཁམས་སུ་ལྗོངས་བརྒྱ་དང་ཉེར་བདུན་གྱི་ནང་དུ་ཡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་ལ་ཡི་གེ་བསྐུར་ནས། 31 ཡ་ཧུ་དཱ་པ་མོར་དོ་ཀཱ་ཨི་དང་རྒྱལ་མོ་ཨེས་སི་ཐེར་གཉིས་ཀྱི་གཏན་ཁེལ་བཞིན་དུ། དུས་ལྟར་པུ་རིམ་ཞེས་པའི་ཉིན་མོ་འདི་གཉིས་བརྩི་སྲུང་བྱེད་དགོས་པ་དང་། ཡང་ཡ་ཧུ་དཱ་པ་རྣམས་ཀྱིས་རང་ཉིད་དང་བུ་རྒྱུད་རྣམས་ལ་ཁས་བླངས་པ་བཞིན་དུ། སྨྱུང་གནས་བསྲུང་བ་དང་ཞུ་འབོད་བྱེད་པར་བསྐུལ་ཏོ། ། 32 ཡང་ཨེས་སི་ཐེར་གྱིས་པུ་རིམ་ཞེས་པའི་དུས་ཆེན་བསྲུང་དགོས་པའི་སྲོལ་ཡིག་གཏན་ལ་ཕབ་ཅིང་། དོན་དེ་ཡང་དེབ་ཐེར་ནང་དུ་བཀོད་ཡོད་དོ། །