ལེའུ་བརྒྱད་པ།
ཞལ་གཟིགས་ནང་དུ་ཨེ་ཟེ་ཀི་ཨེལ་ཡར་དྲངས་པ།
དེ་ཡང་ལོ་དྲུག་པའི་ཟླ་དྲུག་པ་ཡི་ཚེས་ལྔ་ཉིན་ང་རང་ཁྱིམ་དུ་སྡོད་དུས། ཡ་ཧུ་དཱའི་རྒན་པོ་རྣམས་ཀྱང་ངའི་མདུན་དུ་བསྡད་ཡོད་ཅིང་། དེར་གཙོ་བོ་ཡ་ཝཱེའི་ཐུགས་ཉིད་ངའི་སྟེང་དུ་བབས་པ་དང་། ངས་བལྟས་པ་ན། གཟུགས་བརྙན་མི་དང་འདྲ་བ་ཞིག་མཐོང་སྟེ། དེའི་རྐེད་པའི་མན་ཆད་ནི་མེ་ཡི་དབྱིབས་ལྟ་བུ་ཡོད་པ་དང་། དེའི་རྐེད་པའི་ཡན་ཆད་ནི་འོད་ཟེར་གྱི་དབྱིབས་ལྟ་བུ་ཡོད་ལ། དེ་ནི་འོད་ཟེར་འཕྲོ་བའི་ལྕགས་རིགས་དང་མཚུངས་སོ། ། དེས་གཟུགས་དབྱིབས་ཕྱག་དང་འདྲ་བ་ཞིག་བརྐྱངས་ཏེ་ངའི་སྐྲ་ནས་བཟུང་སྟེ། ཐུགས་ཉིད་ཀྱིས་ང་ནི་གནམ་སའི་བར་དུ་ཡར་དྲངས་ཤིང་། དཀོན་མཆོག་གི་ཞལ་གཟིགས་ཀྱི་ནང་དུ། དེས་ང་ནི་ཡེ་རུ་སཱ་ལེམ་གྱི་མཆོད་ཁང་གི་བྱང་སྒོའི་ནང་ཁྱམས་ཀྱི་འཇུག་སྒོར་ཁྲིད་པ་དང་། དེ་རུ་དཀོན་མཆོག་ལ་ཕྲག་དོག་བསྐྱེད་པ་སྟེ། དཀོན་མཆོག་སྡང་བའི་སྐུ་འདྲའི་འདུག་གནས་ཡོད་པའོ། ། བསམ་ཡུལ་ལས་འདས་པ་ཞིག་ལ། ཡེས་ར་ཨེལ་གྱི་དཀོན་མཆོག་གི་གཟི་བརྗིད་དེ་རུ་མཆིས་ཏེ། དེའི་གཟུགས་དབྱིབས་ནི་ངས་ཐང་དུ་མཐོང་བ་དང་གཅིག་མཚུངས་ཡིན་ནོ། །
ཡེ་རུ་སཱ་ལེམ་གྱི་སྐུ་འདྲའི་དད་གུས།
ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། མགོ་ཡར་བཀྱགས་ནས་བྱང་ཕྱོགས་སུ་ལྟོས་ཤིག་ཅེས་གསུངས་པ་དང་། ངས་མགོ་ཡར་བཀྱགས་ནས་བྱང་ཕྱོགས་སུ་བལྟས་པ་ན། མཆོད་ཁྲིའི་སྒོ་ཡི་བྱང་ཕྱོགས་ཀྱི་འཇུག་སྒོ་རུ་དཀོན་མཆོག་སྡང་བའི་སྐུ་འདྲ་ཡོད་དོ། ། ཡང་ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། དེ་ཚོས་སྐྱུག་བྲོ་བའི་དོན་སྤྱད་ནས་ང་རང་གནས་དམ་པ་དང་འབྲལ་བར་བྱས་པ་ཡིན། ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱིས་འདིར་གང་ཞིག་སྤྱད་པ་དག་ཁྱོད་ཀྱིས་མཐོང་ངམ། ཡིན་ཡང་ཁྱོད་ཀྱིས་དེ་ལས་ལྷག་པའི་དོན་ངན་མཐོང་བར་འགྱུར་ཞེས་གསུངས་སོ། ། ཡང་ཁོང་གིས་ང་ནི་ཁྱམས་རའི་སྒོ་ཁར་ཁྲིད་ཅིང་། ངས་བལྟས་པ་ན་རྩིག་ངོས་སུ་ཁུང་བུ་ཞིག་ཡོད་པ་མཐོང་སྟེ། ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། རྩིག་པ་བརྐོ་བར་མཛོད་ཅེས་གསུངས་པ་དང་། ངས་བརྐོས་པ་ན་བསམ་ཡུལ་ལས་འདས་པ་ཞིག་ལ་སྒོ་ཞིག་མཐོང་བྱུང་། དེ་ནས་ཁོང་གིས་ང་ལ་འདི་སྐད་དུ། ཁྱོད་ནང་དུ་སོང་ལ་དེ་དག་གིས་འདི་རུ་སྤྱད་པའི་ཞེན་ལོག་གི་དོན་ངན་རྣམས་ལ་ལྟོས་ཤིག་ཅེས་གསུངས་པ་དང་། 10 ང་ནང་དུ་སོང་ནས་བལྟས་པ་ན། ཕྱོགས་བཞིའི་རྩིག་ངོས་སུ་ལྟོ་འགྲོ་འབུ་སྲིན་རྣམ་པ་སྣ་ཚོགས་དང་། ཞེན་ཁ་ལོག་པའི་རི་དྭགས་སྣ་ཚོགས། ད་དུང་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་སྐུ་འདྲ་ཡོད་དོ་ཅོག་བརྐོས་ཡོད་ལ། 11 ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་རྒན་པོ་རྣམས་ལས་མི་བདུན་ཅུ་དེ་དག་གི་མདུན་དུ་འགྲེང་ཡོད་དེ། ཤཱ་ཕན་གྱི་བུ་ཡ་ཨ་ཟན་ཡཱ་ཞེས་པའང་དེ་དག་གི་ཁྲོད་དུ་ལངས་བསྡད་ཡོད། ཁོ་ཚོ་རེ་རེའི་ལག་ཏུ་རང་གི་སྤོས་ཕོར་བཟུང་ཡོད་ཅིང་། སྤོས་ཀྱི་དུ་བ་ཡར་འཕྱུར་བཞིན་འདུག 12 དེ་ནས་ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་རྒན་པོ་རྣམས་ཀྱིས་རང་རང་གི་རྐོས་སྐུ་ཡོད་པའི་ཁང་པ་རུ་ལྐོག་ནས་ཅི་ཞིག་བྱས་པ་ཁྱོད་ཀྱིས་མཐོང་ངམ། དེ་དག་ན་རེ། དཀོན་མཆོག་ཡ་ཝཱེས་ངེད་རྣམས་མི་མཐོང་སྟེ། དཀོན་མཆོག་ཡ་ཝཱེ་ཡུལ་འདི་དང་བྲལ་ཏོ་ཞེས་སྨྲ་བ་ཡིན་ཞེས་གསུངས་སོ། ། 13 ཡང་ཁོང་གིས་ང་ལ་འདི་སྐད་དུ། ཡང་དེ་ཚོས་སྤྱད་པའི་ཞེན་ལོག་གི་དོན་འདི་ལས་ཀྱང་ལྷག་པ་རྣམས་ཁྱོད་ཀྱིས་མཐོང་བར་འགྱུར་ཞེས་གསུངས་ནས། 14 ཁོང་གིས་ང་རང་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་ཀྱི་བྱང་སྒོ་རུ་ཁྲིད་པ་ལ། ལྟོས་དང་། དེ་རུ་བུད་མེད་འགའ་བསྡད་ཡོད་པ་དང་། ཁོ་མོ་རྣམས་ཐམ་མུ་སིའི་ *ཕྱིར་དུ་ངུ་བཞིན་འདུག 15 ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཀྱིས་མཐོང་ངམ། ཞེན་ལོག་གི་དོན་འདི་ལས་ཀྱང་ལྷག་པ་རྣམས་ཁྱོད་ཀྱིས་མཐོང་བར་འགྱུར་ཞེས་གསུངས་སོ། ། 16 ཡང་ཁོང་གིས་ང་རང་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་ཀྱི་ནང་གི་ཁྱམས་རར་ཁྲིད་ཅིང་། ལྟོས་དང་། བར་ཁྱམས་དང་མཆོད་ཁྲིའི་བར་གྱི་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་སྒོ་ཁར་མི་ཉེར་ལྔ་ཡོད་དེ། ཁོ་ཚོས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཕྱོགས་སུ་རྒྱབ་བསྟན་ཡོད་པ་དང་། གདོང་ཤར་ཕྱོགས་སུ་འཁོར་ཏེ། ཁོ་ཚོས་ཤར་གྱི་ཉི་མའི་ཕྱོགས་སུ་ཕྱག་འཚལ་བཞིན་ཡོད། 17 ཡང་ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཀྱིས་མཐོང་བྱུང་ངམ། ཡ་ཧུ་དཱའི་ཁྱིམ་རྒྱུད་ཀྱིས་འདིར་ཞེན་ལོག་གི་དོན་རྣམས་སྤྱད་པ་ནི་དོན་ཆུང་ངུ་ཞིག་ཡིན་ནམ། གང་ལ་ཞེ་ན། དེ་དག་གིས་གནས་འདི་ལ་བཙན་ཤུགས་ཀྱིས་ཁེངས་པར་བྱས་པ་དང་། ཡང་ནས་ཡང་དུ་ང་ལ་ཁོང་ཁྲོ་བསླངས། ལྟོས་དང་། དེ་དག་གིས་ལྗོན་ཤིང་གི་ཡལ་ག་རང་གི་སྣ་མདུན་དུ་ཁྱེར་བས། 18 ངས་དེ་དག་ལ་ཁོང་ཁྲོ་ཆེན་པོའི་སྤྱོད་ཚུལ་འཛིན་ཞིང་། ངའི་མིག་གིས་དེ་དག་ལ་ལྟ་སྐྱོང་མི་བྱེད་ལ་སྙིང་རྗེ་ཡང་མི་བསྒོམ། དེ་ཚོས་སྐད་ཆེན་པོས་ངའི་རྣ་ལམ་དུ་ཞུས་ཀྱང་ངས་དེ་དག་ལ་མཉན་པར་མི་བྱའོ་ཞེས་གསུངས་སོ། །
* ལེའུ་བརྒྱད་པ།:14 ཐམ་མུ་སི་ཞེས་པ་ནི་པཱ་པེལ་ལོན་རྒྱལ་ཁབ་ཀྱི་ཉི་མའི་ལྷ་ཡིན་ལ་དེས་ལོ་ཏོག་སྐྱེ་རུ་འཇུག་པར་གསུངས། ཡུལ་དེའི་མི་རྣམས་ཀྱིས་དགུན་ཉི་ལྡོག་གི་དུས་སུ་ཉི་མ་ཡལ་འགྲོ་སྙམ་ནས་ཉི་མའི་དོན་དུ་ངུ་བ་ཡིན།