ལེའུ་སོ་དྲུག་པ།
དགྲ་ཟླར་ལན་ལྕི་མོ་འཇལ་བ།
ཀྱེ་མིའི་བུ། ཁྱོད་ཀྱིས་ཡེས་ར་ཨེལ་གྱི་རི་རྣམས་ལ་འདི་ལྟར་ལུང་སྟོན་ཅིག ཀྱེ་ཡེས་ར་ཨེལ་གྱི་རི་རྣམས། ཁྱོད་ཚོས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། དགྲ་བོས་ཁྱོད་ལ་རྒོལ་ཞིང་འཕྱས་ཏེ་ན་རེ། ལོ་རྒྱུས་ཧ་ཅང་རིང་བའི་རི་སྒང་དེ་དག་ནི་ངེད་ཅག་ལ་ས་སྐལ་དུ་ཐོབ་པ་ཡིན་ཟེར་བས་ན། ཁྱོད་ཀྱིས་འདི་ལྟར་ལུང་སྟོན་ཅིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་ནི་མི་རིགས་ཀུན་གྱི་ལྷག་ལུས་རྣམས་ལ་ས་སྐལ་དུ་དབང་ནས་མི་རྣམས་ཀྱི་གླེང་མོལ་དང་འཕྱ་དམོད་བྱེད་ཡུལ་དུ་འགྱུར་བའི་ཆེད་དུ། དགྲ་བོས་ཁྱོད་རྣམས་ས་སྟོང་དུ་ལུས་སུ་བཅུག་སྟེ་ཕྱོགས་བཞི་ནས་ཁྱོད་རྣམས་བརྫིས་པའོ། ། དེ་བས་ཡེས་ར་ཨེལ་གྱི་རི་རྣམས། ཁྱོད་རྣམས་ཀྱིས་གཙོ་བོ་ཡ་ཝཱེའི་བཀའ་ལ་ཉོན་ཅིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། རི་བོ་དང་རི་སྒང་། གྲོག་ཤུར། ལུང་པ། ས་སྟོང་དུ་ལུས་པའི་ཞིག་རལ། དོར་བའི་གྲོང་ཁྱེར་བཅས་པ་སྟེ། མཐའ་འཁོར་གྱི་མི་རིགས་ཀུན་ནས་ལུས་པའི་མི་རྣམས་ཀྱིས་བཅོམ་ཞིང་འཕྱས་པ་དག་ལ་གསུངས་པ་སྟེ། གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་ཕྲག་དོག་གི་མེ་ལྕེའི་ཁྲོད་ནས་གཏམ་སྨྲས་ཏེ་མི་རིགས་ཀུན་ནས་ལུས་པའི་མི་རྣམས་དང་ཨེ་དོམ་པ་རྣམས་ལ་རྒོལ་བ་དང་། དེ་དག་གི་སེམས་ནི་ཡོངས་སུ་དགའ་ཞིང་སེམས་ལ་ཞེ་སྡང་གིས་ཁེངས་ནས། བཅོམ་ནོར་དུ་ལེན་པའི་ཆེད་དུ་ངའི་ས་ནི་རང་ཉིད་ལ་ས་སྐལ་དུ་བླངས་པའོ། ། དེའི་ཕྱིར་ཁྱོད་ཀྱིས་ཡེས་ར་ཨེལ་ལ་ལུང་སྟོན་ཅིག རི་བོ་དང་རི་སྒང་། གྲོག་ཤུར། ལུང་པ་བཅས་ལ་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་དང་། ངས་ཕྲག་དོག་དང་ཁོང་ཁྲོ་ཆེན་པོའི་ངང་ནས་སྨྲས་པ་ཡིན་ཏེ། གང་ལ་ཞེ་ན། ཁྱོད་ཚོས་མི་ཀུན་གྱི་ངོ་ཚ་ཁུར་བས་སོ། ། དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་རང་གི་ལག་པ་ཡར་བཀྱགས་ནས་མནའ་བསྐྱལ་བ་སྟེ། ཁྱོད་ཚོའི་མཐའ་འཁོར་གྱི་མི་རིགས་ཀུན་གྱིས་དངོས་སུ་རང་གི་ངོ་ཚ་འཁུར་བར་འགྱུར། ཀྱེ་ཡེས་ར་ཨེལ་གྱི་རི་བོ་རྣམས། ཁྱོད་ཅག་ལ་ཡལ་ག་རྒྱས་ནས་བདག་གི་འབངས་མི་ཡེས་ར་ཨེལ་གྱི་དོན་དུ་འབྲས་བུ་ཐོགས་པར་འགྱུར་རོ། །གང་ལ་ཞེ་ན། དེ་དག་སླེབས་ལ་ཉེ་བས་སོ། ། ལྟོས་དང་། ང་ནི་ཁྱོད་ཅག་ལ་རོགས་རམ་བྱེད་མཁན་ཡིན་པས་ང་ཁྱོད་ཀྱི་ཕྱོགས་སུ་འཁོར་ངེས་ཤིང་། མི་ཡིས་ཁྱོད་ཀྱི་སྟེང་དུ་རྨོ་ཞིང་ས་བོན་འདེབས་པར་འགྱུར། 10 ངས་ཡེས་ར་ཨེལ་ཁྱིམ་རྒྱུད་ཡོངས་ཀྱི་མི་གྲངས་ཁྱོད་ཀྱི་སྟེང་དུ་འཕེལ་བར་བྱས་ནས། གྲོང་ཁྱེར་དུ་འདུག་མཁན་ཡོད་པ་དང་། ཞིག་རལ་རྣམས་ཡང་བསྐྱར་བརྩིག་པར་འགྱུར། 11 ངས་མི་ཕྱུགས་གཉིས་ཀ་ཁྱོད་ཀྱི་སྟེང་དུ་འཕེལ་བར་བྱས་ནས། དེ་དག་གི་རྒྱུད་འཕེལ་ཞིང་དར་བར་འགྱུར་ལ། ངས་ཁྱོད་ཅག་ནི་སྔར་བཞིན་འདུག་མཁན་ཡོད་པར་བྱ་སྟེ། ཁྱོད་ཅག་ལ་སྔར་ལས་ཀྱང་བྱིན་རླབས་འཐོབ་པར་འགྱུར། དེ་ནས་ཁྱོད་ཅག་གིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་རོ། ། 12 ངས་མི་རྣམས་ཏེ་ངའི་འབངས་མི་ཡེས་ར་ཨེལ་པ་རྣམས་ཁྱོད་ཀྱི་སྟེང་དུ་རྒྱུ་བར་བྱ་ཞིང་། ཁྱོད་ནི་དེ་དག་ལ་ས་སྐལ་དུ་འཐོབ་ཅིང་། ཁྱོད་དེ་དག་གི་ནོར་སྐལ་དུ་གྱུར་ནས་ཕྱིན་ཆད་དེ་དག་གི་བུ་ཕྲུག་འཆོར་བར་མི་བྱའོ་ཞེས་གསུངས་སོ། ། 13 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། མི་ཡིས་ཁྱོད་ལ་ཁྱོད་ནི་མི་རྣམས་ཁྱུར་མིད་གཏོང་མཁན་དང་ཁྱོད་ཀྱི་མི་རྣམས་ལ་བུ་ཕྲུག་འཆོར་དུ་འཇུག་མཁན་ཡིན་ཞེས་ཟེར་བས། 14 ད་ནི་ཁྱོད་ཀྱིས་མི་རྣམས་ཁྱུར་མིད་མི་གཏོང་ལ། རང་གི་མི་རྣམས་ལ་བུ་ཕྲུག་འཆོར་དུ་ཡང་མི་འཇུག་གོ་ཞེས་གཙོ་བོ་ཡ་ཝཱེས་གསུངས། 15 རྗེས་སུ་ངས་ཁྱོད་ལ་མི་རིགས་ཀུན་གྱི་ངོ་ཚ་ཐོས་པར་མི་བྱ་སྟེ། མི་ཀུན་གྱི་ངན་སྨྲས་ཀྱང་ཁྱོད་ལ་མི་ཕོག ཁྱོད་ཀྱི་མི་རྣམས་ཡང་བསྐྱར་འགྱེལ་བར་ཡང་མི་བྱའོ་གསུངས་ཞེས་པའོ་ཞེས་གཙོ་བོ་ཡ་ཝཱེས་གསུངས་སོ། །
སྡིག་པའི་ཉེས་ཆད།
16 དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། 17 ཀྱེ་མིའི་བུ། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རང་གི་ཡུལ་དུ་སྡོད་པའི་དུས་སུ། རང་གི་ལས་དང་སྤྱོད་པས་ཡུལ་དེ་བཙོག་པར་བཟོས་པ་དང་། དེ་དག་གི་ལས་དེ་ནི་ངའི་མདུན་དུ་ཟླ་མཚན་འབབ་བཞིན་པའི་བུད་མེད་དང་འདྲ་བར་མི་གཙང་བ་ཡིན་པས། 18 དེ་དག་གིས་ཡུལ་དེར་མི་ལ་ཁྲག་བཞུར་དུ་བཅུག་པ་དང་། དེ་དག་གིས་རང་གི་ཞེན་ཁ་ལོག་པའི་སྐུ་འདྲ་ཡིས་ཡུལ་དེ་བཙོག་པར་བཟོས་པས། ངས་རང་གི་ཁོང་ཁྲོ་ཆེན་པོ་ཁོ་ཚོའི་སྟེང་དུ་བླུགས་པ་ཡིན། 19 ངས་དེ་དག་མི་རིགས་ཀུན་གྱི་ནང་དུ་གཏོར་ཞིང་ཕྱོགས་བཞིའི་ཡུལ་སོ་སོར་ཐོར་བར་བྱས། ངས་དེ་དག་གི་ལས་དང་སྤྱོད་པ་བཞིན་དུ་ཁོ་ཚོར་ཁྲིམས་བཅད་དོ། ། 20 དེ་དག་གང་ས་གང་གི་མི་རིགས་ཁྲོད་དུ་ཕྱིན་པའི་དུས་སུ། ངའི་མཚན་དམ་པ་ཁྱད་དུ་བསད་དོ། །གང་ལ་ཞེ་ན། མི་ཡིས་རྟག་ཏུ་ཁོ་ཚོའི་སྐོར་གླེང་སྟེ་ན་རེ། འདི་དག་ནི་དཀོན་མཆོག་ཡ་ཝཱེའི་མི་ཡིན་ནའང་། ཁོང་གི་ཡུལ་ནས་ཕྱི་རུ་བུད་དོ་ཞེས་སྨྲས་པས་སོ། ། 21 ཡིན་ནའང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་འགྲོ་སའི་མི་རྣམས་ཀྱི་ཁྲོད་དུ་བཙོག་པར་བཟོས་པའི་ངའི་མཚན་དམ་པ་ནི་ངས་གཅེས་སུ་འཛིན་དགོས་སོ། །
སྙིང་རྗེ་གནང་མཁན་གྱི་གཙོ་བོ།
22 དེ་བས། ཁྱོད་ཀྱིས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལ་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད། ཁྱོད་ཀྱི་ཆེད་དུ་ངས་དོན་འདི་བྱེད་པ་མ་ཡིན་པར། ངའི་མཚན་དམ་པ་སྟེ་ཁྱོད་ཅག་འགྲོ་སའི་མི་ཀུན་གྱི་ཁྲོད་དུ་ཁྱད་དུ་བསད་པ་དེའི་ཆེད་དུ་བྱེད་པ་ཡིན་ནོ། ། 23 ངས་ནི་ང་རང་གི་མཚན་ཆེན་པོ་དེ་དམ་པ་རུ་མངོན་པར་བྱ་སྟེ། མཚན་དེ་ནི་མི་རིགས་ཀུན་གྱི་ཁྲོད་དུ་ཁྱད་དུ་བསད་པ་དང་། ཁྱོད་ཚོས་ཁོ་རྣམས་ཀྱི་ཁྲོད་དུ་ཁྱད་གསོད་བྱས་པ་ཡིན། ངས་ཁྱོད་ཚོའི་སྟེང་དུ་དེ་དག་ལ་རང་ཉིད་དམ་པ་ཡིན་པར་མངོན་པའི་ཚེ། དེ་དག་གིས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་གཙོ་བོ་ཡ་ཝཱེས་གསུངས། 24 ངས་ཁྱོད་རྣམས་མི་རིགས་ཀུན་ལས་ཕྱི་རུ་ཁྲིད་འོང་ཞིང་། ཡུལ་ཁམས་ཀུན་ལས་ཁྱོད་རྣམས་བསྡུས་ཏེ་ཁྱོད་རྣམས་རང་ཡུལ་དུ་འཁྲིད་པར་བྱའོ། ། 25 དེ་ནས་ངས་ཆུ་དྭངས་གཙང་ཁྱོད་ཀྱི་སྟེང་དུ་གཏོར་ན་ཁྱོད་རྣམས་གཙང་མར་འགྱུར་ཞིང་། ངས་ཁྱོད་ཚོའི་མི་གཙང་བ་ཐམས་ཅད་གཙང་མར་བྱས་ཏེ་ཁྱོད་རྣམས་རང་གི་ཞེན་ཁ་ལོག་པའི་སྐུ་འདྲ་ཐམས་ཅད་དང་འབྲལ་བར་འགྱུར། 26 ངས་སེམས་གསར་པ་ཞིག་ཁྱོད་རྣམས་ལ་གནང་སྟེ། སེམས་ཉིད་གསར་པ་ཞིག་ཁྱོད་ཀྱི་ནང་དུ་འཇོག་པར་བྱ། ངས་ཁྱོད་ཅག་གི་ལུས་ནས་རྡོ་ལྟ་བུའི་སེམས་དེ་འདོན་ཞིང་ཤ་ཡི་སྙིང་ཞིག་ཁྱོད་རྣམས་ལ་གནང་བར་བྱའོ། ། 27 ཡང་ངས་རང་གི་སེམས་ཉིད་ཁྱོད་ཚོའི་ནང་དུ་བཞག་སྟེ། ཁྱོད་ཚོར་ངའི་སྒྲིག་ཁྲིམས་རྣམས་བརྩི་བ་དང་ངའི་སྒྲིག་སྲོལ་རྣམས་བསྲུང་བར་འཇུག་གོ ། 28 ཁྱོད་རྣམས་ནི་ངས་ཁྱོད་ཚོའི་ཕ་མེས་དག་ལ་གནང་བའི་ཡུལ་དུ་གནས་པར་འགྱུར་ཞིང་། ཁྱོད་རྣམས་ནི་ངའི་མི་དང་ང་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་ནོ། ། 29 ངས་ཁྱོད་རྣམས་བསྐྱབས་ཏེ་ཁྱོད་རྣམས་རང་གི་མི་གཙང་བ་ཐམས་ཅད་དང་འབྲལ་བར་བྱ་ཞིང་། ངས་འབྲུ་རིགས་སྣ་ལྔའི་ལོ་ལེགས་ཡོང་བར་བཅུག་སྟེ། ཁྱོད་རྣམས་ལ་མུ་གེ་འབྱུང་བར་མི་བྱའོ། ། 30 ཁྱོད་རྣམས་ལ་མི་རིགས་ཀུན་གྱི་ཁྲོད་དུ་མུ་གེའི་རྐྱེན་གྱིས་ངོ་ཚ་མི་ཐེབས་པའི་ཆེད་དུ། ངས་ལྗོན་ཤིང་གི་ཤིང་ཏོག་དང་ས་ཞིང་གི་ཐོན་རྫས་རྣམས་མང་དུ་འཕེལ་བར་བྱའོ། ། 31 དེའི་དུས་སུ་ཁྱོད་ཚོས་རང་གི་སྤྱོད་ངན་དང་ལས་ངན་པ་དག་དྲན་ཞིང་། རང་གི་སྡིག་ཉེས་དང་ཞེན་ཁ་ལོག་པའི་དོན་རྣམས་ཀྱི་རྐྱེན་གྱིས་རང་ཉིད་ལ་ཞེན་ཁ་ལོག་པར་འགྱུར་རོ། ། 32 ངས་འདི་བཞིན་བྱེད་པ་ནི་ཁྱོད་ཚོའི་དོན་དུ་མ་ཡིན་པ་ཁྱོད་རྣམས་ཀྱིས་རྟོགས་པར་གྱིས་ཤིག ཀྱེ་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད། ཁྱོད་ཚོ་རང་གི་སྤྱོད་པའི་རྐྱེན་གྱིས་རབ་ཏུ་ངོ་ཚ་བར་གྱིས་ཤིག་ཅེས་གཙོ་བོ་ཡ་ཝཱེས་གསུངས་སོ། ། 33 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་ཁྱོད་རྣམས་གཙང་མར་བྱས་ཏེ་ཁྱོད་རྣམས་རང་གི་སྡིག་ཉེས་ཀུན་དང་འབྲལ་བར་བྱ་བའི་ཉིན་མོར། ངས་གྲོང་ཁྱེར་རྣམས་སུ་མི་སྡོད་དུ་འཇུག་ཅིང་ཞིག་རལ་རྣམས་ཡང་བསྐྱར་བརྩིག་པར་བྱའོ། ། 34 སྔར་དེ་བརྒྱུད་ནས་འགྲོ་མཁན་ཀུན་གྱིས་ས་སྟོང་དུ་བརྩིས་པའི་གནས་སུ་ད་ལྟ་ཡང་བསྐྱར་ཞིང་རྨོ་བར་འགྱུར་ལ། 35 ཁོ་ཚོས་འདི་ལྟར། སྔར་ས་སྟོང་དུ་ལུས་པའི་གནས་དེ་ནི་ད་ལྟ་ཨེ་དེན་ལྡུམ་ར་དང་འདྲ་ཞིང་། དོར་ནས་ས་སྟོང་དུ་ལུས་པ་དང་། བཤིག་ཚར་བའི་གྲོང་ཁྱེར་དག་ནི་ད་ལྟ་མཁར་བརྟན་པོར་གྱུར་ནས་འདུག་མཁན་ཡང་ཡོད་ཅེས་ཟེར་བའོ། ། 36 དེའི་དུས་སུ་ཁྱོད་ཀྱི་ཕྱོགས་བཞིར་ལུས་པའི་མི་རིགས་ཀུན་གྱིས་ང་ནི་ཡ་ཝཱེ་ཡིན་པ་རྟོགས་ངེས་ཤིང་། བཤིག་ཚར་བའི་གནས་ནི་ངས་ཡང་བསྐྱར་བརྩིགས་པ་དང་། ས་སྟོང་དུ་ལུས་པའི་གནས་སུ་ཡང་བསྐྱར་འདེབས་འཛུགས་བྱས་པའང་རྟོགས་པར་འགྱུར། ང་ཡ་ཝཱེས་དེ་ལྟར་སྨྲས་པས་མཛད་པར་འགྱུར་རོ། ། 37 ཡང་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ངས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་རྣམས་ལ་ཁོ་ཚོའི་མི་ནི་ལུག་ཁྱུ་བཞིན་དུ་སྤེལ་བའི་ཕྱིར་ང་ལ་ཞུས་ཆོག་པར་བྱའོ། ། 38 དུས་ཆེན་གཏོང་བའི་དུས་སུ་ཡེ་རུ་སཱ་ལེམ་དུ་མཆོད་པར་འབུལ་བའི་ལུག་ཁྱུ་གང་འདྲ་མང་པོ་ཡོད་པ་ཡིན་ན། ཐང་རྒོད་དུ་ལུས་པའི་གྲོང་ཁྱེར་ནང་དུའང་དེ་བཞིན་དུ་མི་ཡིས་ཁེངས་པར་འགྱུར་ལ། དེ་ནས་ཁོ་ཚོས་བདག་ནི་ཡ་ཝཱེ་ཡིན་པ་རྟོགས་པར་འགྱུར་ཞེས་པའོ་ཞེས་གསུངས་སོ། །