ལེའུ་གསུམ་པ།
ཤོག་དྲིལ་ཟོས་པ།
1 དེ་ཡང་ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ་ཁྱོད་ལ་ཐོབ་པ་དེ་ཟོ་ཞིག་དང་། ཤོག་དྲིལ་དེ་ཟོས་རྗེས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལ་གཏམ་སྨྲ་བར་སོང་ཞིག་ཅེས་གསུངས་སོ། །
2 དེ་ནས་ངས་རང་གི་ཁ་གདངས་པ་ན་ཁོང་གིས་ང་ལ་ཤོག་དྲིལ་དེ་ཟ་རུ་བཅུག་གོ །
3 ཡང་ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ངས་ཁྱོད་ལ་གནང་བའི་ཤོག་དྲིལ་དེ་ཟོས་ནས་ཁྱོད་ཀྱི་ལྟོ་བ་འགེང་བར་གྱིས་ཤིག་ཅེས་གསུངས་པ་དང་། ངས་ཤོག་དྲིལ་དེ་ཟོས་པ་ན། དེ་ནི་ངའི་ཁ་ནང་དུ་སྦྲང་རྩི་བཞིན་མངར་མོ་ཡིན་ནོ། །
4 ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ་ཁྱོད་སོང་ཞིག ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་གམ་དུ་སོང་ནས་ངའི་བཀའ་དེ་རྣམས་ལ་སྒྲོགས་ཤིག
5 གང་ལ་ཞེ་ན། ཁྱོད་ནི་སྐད་རིགས་མི་གཅིག་པའམ་ཡང་ན་སྨྲ་བརྗོད་རྟོགས་དཀའ་བའི་མི་རྣམས་ཀྱི་གམ་དུ་མངགས་པ་མ་ཡིན་པར། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀྱི་གམ་དུ་མངགས་པ་ཡིན།
6 ཁྱོད་ནི་སྐད་རིགས་མི་གཅིག་པའམ་ཡང་ན་སྨྲ་བརྗོད་རྟོགས་དཀའ་བའི་མི་མང་པོའི་གམ་དུ་མངགས་པ་མ་ཡིན་ཏེ། ཁོ་ཚོའི་སྐད་ཆ་ཁྱོད་ཀྱིས་མི་གོའོ། །ཡིན་ཡང་ངས་ཁྱོད་དེ་དག་གི་གམ་དུ་མངགས་པ་ཡིན་ན། དེ་དག་གིས་ཁྱོད་ལ་མཉན་ངེས་ཡིན།
7 ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཐམས་ཅད་ནི་གཉའ་རེངས་གཤིས་གྱོང་ཡིན་ཞིང་དེ་དག་གིས་ང་ལ་མི་མཉན་པས། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀྱིས་ཁྱོད་ལའང་མཉན་པར་མི་འགྱུར་རོ། །
8 ལྟོས་དང་། ངས་ཁྱོད་ཀྱི་གདོང་ནི་དེ་དག་གི་གདོང་བཞིན་སྲ་བ་དང་། ཁྱོད་ཀྱི་དཔྲལ་བ་ནི་དེ་དག་གི་དཔྲལ་བ་བཞིན་དུ་མཁྲེགས་པར་བྱའོ། །
9 ངས་ཁྱོད་ཀྱི་དཔྲལ་བ་ནི་ཤིན་ཏུ་སྲ་བའི་རྡོ་ཕ་ལམ་བཞིན་དང་མེ་རྡོ་ལས་ཀྱང་སྲ་བར་བྱ་སྟེ། དེ་དག་ནི་ཁྱིམ་རྒྱུད་ངོ་ལོག་ཅན་ཡིན་ནའང་ཁྱོད་དེ་རྣམས་ལ་མ་འཇིགས་ཤིག དེ་དག་གི་མདུན་དུ་དངང་བར་ཡང་མ་བྱེད་ཅིག་ཅེས་གསུངས་སོ། །
10 ཡང་ཁོང་གིས་ང་ལ་འདི་སྐད་དུ། ཀྱེ་མིའི་བུ། ངས་ཁྱོད་ལ་གསུངས་པ་ཐམས་ཅད་ཁྱོད་ཀྱི་རྣ་བས་ཉོན་དང་། སེམས་ལ་ཟུངས་ཤིག
11 ཁྱོད་སོང་དང་། བཙོན་དུ་ཁྲིད་པའི་མི་རྣམས་ཀྱི་གམ་དུ་སོང་ནས། དེ་ཚོས་མཉན་དང་མི་མཉན་གང་ཡིན་རུང་དེ་དག་ལ་བཀའ་སྒྲོགས་ཤིག ཁྱོད་ཀྱིས་དེ་དག་ལ། གཙོ་བོ་ཡ་ཝཱེས་འདི་ལྟར་གསུངས་ཞེས་སྨྲོས་ཤིག
12 དེའི་དུས་སུ་ཐུགས་ཉིད་ཀྱིས་ང་ཡར་དྲངས་ཏེ། དཀོན་མཆོག་ཡ་ཝཱེའི་བཞུགས་གནས་ལས་མངོན་པའི་གཟི་བརྗིད་ལ་བསྟོད་འོས་སོ་ཞེས་ངའི་རྒྱབ་ལོགས་སུ་འུར་སྒྲ་ཆེན་པོ་ཞིག་གྲགས་འོངས་པ་ངས་ཐོས་སོ། །
13 ཡང་སེམས་ཅན་རྣམས་ཀྱི་གཤོག་པ་ཕན་ཚུན་རྡེབ་པའི་སྒྲ་དང་། དེ་ཚོའི་གམ་དུ་ཡོད་པའི་འཁོར་ལོ་རྣམས་ཀྱི་སྒྲ། དེ་མིན་འུར་སྒྲ་ཆེན་པོ་བཅས་ངས་ཐོས་བྱུང་།
14 དེ་ནས་ཐུགས་ཉིད་ཀྱིས་ང་རང་ཡར་དྲངས་ནས་ཁྱེར་བ་དང་། དེའི་དུས་སུ་ངའི་སེམས་ནི་རབ་ཏུ་ཁྲོས་ཤིང་སྐྱོ་ན་ཡང་། དཀོན་མཆོག་ཡ་ཝཱེའི་ཕྱག་ནི་སྟོབས་ཤུགས་ལྡན་པའི་སྒོ་ནས་ངའི་སྟེང་དུ་བཞག
15 དེ་ནས་ང་ཐེལ་ཨ་བིབ་ཀྱི་བཙོན་པ་དག་གི་གམ་དུ་སླེབས་པ་དང་། ཁོ་རྣམས་ཀེ་བར་ཡུར་བའི་འགྲམ་དུ་གནས་ཤིང་། ང་རང་དེ་རྣམས་གནས་པའི་ས་རུ་ཧང་སངས་ནས་ཉིན་བདུན་ལ་བསྡད་པ་ཡིན།
ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་བྱ་ར་བྱེད་པ།
16 ཡང་ཉིན་བདུན་འགོར་རྗེས། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ།
17 ཀྱེ་མིའི་བུ། ངས་ཁྱོད་ནི་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་བྱ་རར་བསྐོས་པས། ཁྱོད་ཀྱིས་ངའི་གསུང་ལ་མཉན་ཏེ། ངའི་ཚབ་ཏུ་དེ་དག་ལ་ཐ་ཚིག་སྒྲོགས་ཤིག
18 གལ་ཏེ་ངས་མི་ངན་ཞིག་ལ་ཁྱོད་ནི་འཆི་ངེས་ཡིན་ཞེས་སྨྲས་ནའང་། ཁྱོད་ཀྱིས་དེ་ལ་ཐ་ཚིག་མི་བསྒྲག་པ་དང་། ཡང་སྲོག་སྐྱོབ་ཕྱིར་དེ་ནི་སྤྱོད་ངན་དང་འབྲལ་བར་མ་བསྐུལ་ན། མི་ངན་དེ་ནི་རང་གི་སྡིག་པའི་རྐྱེན་གྱིས་འཆི་བར་འགྱུར་ན་ཡང་། དེ་འཆི་བའི་འགན་ནི་ངས་ཁྱོད་ལ་འགེལ་ངེས་ཡིན།
19 གལ་ཏེ་ཁྱོད་ཀྱིས་མི་ངན་དེ་ལ་ཐ་ཚིག་བསྒྲགས་ཤིང་། མི་དེ་ད་དུང་རང་གི་སྡིག་པ་དང་སྤྱོད་ངན་ལ་མ་བྲལ་ན། དེ་ནི་རང་གི་སྡིག་པའི་རྐྱེན་གྱིས་འཆི་ངེས་ཡིན་མོད། འོན་ཀྱང་ཁྱོད་ཀྱིས་རང་གི་སྲོག་བསྐྱབས་པ་ཡིན།
20 གལ་ཏེ་མི་དྲང་བདེན་ཅན་ཞིག་བདེན་པ་ལས་བཟློགས་ཏེ་ངན་པ་སྤྱད་ན། ངས་དེའི་མདུན་དུ་བཀག་རྡོ་འཇོག་ཅིང་དེ་ནི་འཆི་བར་འགྱུར་ཏེ། གང་ལ་ཞེ་ན། ཁྱོད་ཀྱིས་དེ་ལ་ཐ་ཚིག་མ་བསྒྲགས་པས། མི་དེ་རང་གི་སྡིག་པའི་རྐྱེན་གྱིས་འཆི་བར་འགྱུར་བ་དང་། ཁོས་རྒྱུན་དུ་སྤྱད་པའི་དྲང་བདེན་གྱི་ལས་རྣམས་ཀྱང་དྲན་པར་མི་འགྱུར་མོད། འོན་ཀྱང་དེ་འཆི་བའི་འགན་ནི་ངས་ཁྱོད་ལ་འགེལ་ངེས་ཡིན།
21 ཇི་སྟེ་ཁྱོད་ཀྱིས་དྲང་བདེན་ཅན་ལ་སྡིག་པ་མི་བྱེད་པའི་ཆེད་དུ་ཐ་ཚིག་བསྒྲགས་ནས་དེས་ཀྱང་སྡིག་པ་མ་བྱས་ན། མི་དེས་ཐ་ཚིག་དང་ལེན་བྱས་པས་གསོན་པར་འགྱུར་ལ། ཁྱོད་ཀྱིས་ཀྱང་རང་གི་སྲོག་བསྐྱབས་པ་ཡིན་ཞེས་གསུངས་སོ། །
22 དཀོན་མཆོག་ཡ་ཝཱེའི་ཕྱག་ནི་གནས་དེར་ངའི་སྟེང་དུ་བཞག་ཅིང་། ཁོང་གིས་ང་ལ་འདི་སྐད་དུ། ཁྱོད་ཡར་ལོངས་ལ་ཐང་དུ་སོང་ཞིག དེར་ངས་ཁྱོད་ལ་གསུང་གནང་བར་བྱའོ་ཞེས་བསྒོས་པས།
23 ང་ཡར་ལངས་ཏེ་ཐང་དུ་སོང་བ་ན། བདག་གིས་ཀེ་བར་ཡུར་བའི་འགྲམ་དུ་མཐོང་བའི་གཟི་བརྗིད་དང་འདྲ་བའི་དཀོན་མཆོག་ཡ་ཝཱེའི་གཟི་དཔལ་ནི་དེ་རུ་ཡོད་པ་མཐོང་བས། ང་རང་ཁ་སར་གཏད་ནས་བསྡད།
24 དེ་ནས་ཐུགས་ཉིད་ངའི་ནང་དུ་ཞུགས་ནས་ང་རང་ཡར་ལངས་སུ་བཅུག་པ་དང་། དཀོན་མཆོག་ཡ་ཝཱེས་ང་ལ་འདི་སྐད་དུ། ཁྱོད་ནང་ལ་སོང་སྟེ་རང་ཁྱིམ་དུ་སྒོ་བརྒྱབ་ནས་སྡོད་ཅིག
25 ཀྱེ་མིའི་བུ། ལྟོས་དང་། མི་ཡིས་ཁྱོད་ཐག་པས་བཀྱིགས་ནས་ཁྱོད་རང་ཁོ་ཚོའི་ཁྲོད་དུ་འགྲོ་མི་ཐུབ་པར་བྱེད་ཅིང་།
26 དེ་རྣམས་ནི་ཁྱིམ་རྒྱུད་ངོ་ལོག་ཅན་ཡིན་པས། ཁྱོད་དེ་རྣམས་ལ་བཀའ་བཀྱོན་གནང་མཁན་དུ་མི་འགྱུར་བའི་ཕྱིར། ངས་ཁྱོད་ཀྱི་སྨྲ་ལྕེ་རྐན་ལ་འབྱར་བར་བྱས་ཏེ་ཁྱོད་ནི་ལྐུགས་པར་བྱེད་དོ། །
27 ཡིན་ཡང་ངས་ཁྱོད་ལ་གསུང་གནང་བའི་དུས་སུ། ངས་ཁྱོད་ཀྱིས་ཁ་གྲགས་ཐུབ་པར་བྱ་སྟེ། ཁྱོད་ཀྱིས་དེ་ཚོ་ལ་གཙོ་བོ་ཡ་ཝཱེས་འདི་སྐད་གསུངས་ཞེས་སྨྲོས་ཤིག མཉན་འདོད་པ་རྣམས་ལ་མཉན་དུ་ཆུག མཉན་མི་འདོད་པ་རྣམས་བསྐྱུར་ཞོག གང་ལ་ཞེ་ན། དེ་དག་ནི་ཁྱིམ་རྒྱུད་ངོ་ལོག་ཅན་ཡིན་པས་སོ། །