ལེའུ་ཉེར་བདུན་པ།
ཐཱར་གྱི་སྐྱོ་གླུ།
དེ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ང་ལ་བྱུང་ནས་འདི་སྐད་དུ། ཀྱེ་མིའི་བུ། ཁྱོད་ཀྱིས་ཐཱར་གྱི་ཆེད་དུ་སྐྱོ་གླུ་རྩོམས་ཤིག་དང་། གྲུ་ཁར་སྡོད་ཅིང་མཚོ་འགྲམ་གྱི་ཡུལ་ཁམས་ཀུན་དང་ཚོང་རྒྱག་པའི་ཐཱར་ལ་འདི་ལྟར་སྨྲོས་ཤིག གཙོ་བོ་ཡ་ཝཱེས་འདི་སྐད་དུ། ཀྱེ་ཐཱར། ཁྱོད་ཀྱིས་སྔོན་ཆད་ང་ནི་ཁྱོན་ནས་ཡིད་དུ་འོང་བ་ཡིན་ཞེས་ཟེར་ཞིང་། ཁྱོད་ཀྱི་ས་མཚམས་ནི་རྒྱ་མཚོ་རྣམས་ཀྱི་དབུས་སུ་ཆགས་ཏེ། ཁྱོད་འཛུགས་སྐྲུན་བྱེད་མཁན་གྱིས་ཁྱོད་ནི་ཁྱོན་ནས་ཡིད་དུ་འོང་བར་མཛད་ཅིང་། དེ་དག་གིས་སེ་ནིར་གྱི་གསོམ་ཤིང་གིས་ཁྱོད་ཀྱི་ཤིང་ལེབ་ཡོངས་དང་། ལེ་པཱ་ནོན་གྱི་ཐང་ཤིང་གིས་ཁྱོད་ཀྱི་གྲུ་གཟིངས་ཀྱི་དར་ཤིང་བཟོས་པ་དང་། པཱ་ཤན་གྱི་བེ་ཤིང་གིས་ཁྱོད་ཀྱི་གྲུ་སྐྱ་བཟོས་ཤིང་། བ་སོས་ཕྲ་བརྒྱན་ཡོད་པའི་ཀི་ཐིམ་མཚོ་འགྲམ་གྱི་ཤུག་ཤིང་གིས་ཁྱོད་ཀྱི་གྲུ་གཟིངས་ནང་གི་ཤིང་ལེབ་བྱས། ཁྱོད་ཀྱི་རླུང་གཡོར་ནི་ཨེ་ཅིབ་ཡུལ་གྱི་ཚེམ་དྲུབ་བྱས་པའི་སོ་རས་སྲབ་བུ་ཡིས་བཟོས་ཤིང་། དེ་ནི་ཁྱོད་ཀྱི་དར་ཆ་རུ་བྱས་ཆོག་སྟེ། ཁྱོད་ཀྱི་གྲུ་ཕྱར་ནི་ཨི་ལི་ཤཱའི་མཚོ་འགྲམ་གྱི་རས་མཐིང་ག་དང་རྒྱ་སྨུག་གིས་བཟོས་པ་ཡིན། ཚི་ཏུན་པ་དང་ཨར་བད་པའི་མི་ཡིས་ཁྱོད་ཀྱི་གྲུ་གཏོང་བ་ཡིན། ཀྱེ་ཐཱར། ཁྱོད་རྣམས་ཁྲོད་ཀྱི་ལག་རྩལ་པ་རྣམས་ཁྱོད་ཀྱི་དེད་དཔོན་བྱས་ཤིང་། གེ་བལ་གྱི་འགོ་དཔོན་དང་བཟོ་བ་འཇོན་པོ་རྣམས་ཀྱིས་ཁྱོད་ཀྱི་དྲུང་དུ་སེར་ཁ་ཉམས་གསོ་བྱེད་ཅིང་། རྒྱ་མཚོའི་གྲུ་དང་གྲུ་པ་ཐམས་ཅད་ཀྱིས་ཁྱོད་ཀྱི་རྩར་ཁྱོད་དང་ཚོང་རྒྱག་གིན་ཡོད། 10 ཏ་ཟིག་པ་དང་ལུ༌ཏི་པ། ཕུ༌ཏཱ་པ་རྣམས་ཁྱོད་ཀྱི་དམག་དཔུང་ནང་དུ་དམག་བྱེད་ཅིང་། དེ་དག་གིས་ཁྱོད་ཀྱི་དྲུང་དུ་ཕུབ་དང་རྨོག་རྣམས་བཀལ་ནས་ཁྱོད་ཀྱི་གཟི་བརྗིད་མངོན་པའོ། ། 11 ཨར་བད་པ་ནི་ཁྱོད་ཀྱི་དམག་དཔུང་དང་བཅས་ཁྱོད་ཀྱི་ལྕགས་རིའི་སྟེང་དུ་ཡོད་དེ། ཁྱོད་ཀྱི་ལྕོག་མཁར་སྟེང་དུ་དཔའ་བོ་རྣམས་ཡོད་པ་དང་། ཁྱོད་ཀྱི་ཕྱོགས་བཞིའི་ལྕགས་རིའི་སྟེང་དུ་ཁོ་ཚོས་རང་གི་ཕུབ་རྣམས་བཀལ་ནས། ཁྱོད་ནི་ཁྱོན་ནས་ཡིད་དུ་འོང་བར་གྱུར་ཏོ། ། 12 ཐཱར་ཞིས་པ་རྣམས་ཁྱོད་ཀྱི་ཕུན་སུམ་ཚོགས་པའི་ནོར་རྫས་སྣ་ཚོགས་ཀྱི་དབང་གིས་ཁྱོད་ཀྱི་ཚོང་གྲོགས་བྱས་ཏེ། ཁོ་ཚོས་དངུལ་དང་ལྕགས། གཤའ་དཀར། ཞ་ཉེ་བཅས་ཀྱིས་ཁྱོད་དང་ཚོང་རྒྱག་པ་དང་། 13 ཡཱ་ཝན་པ་དང་ཐུ་བཱལ་པ། མེ་ཤེག་པ་བཅས་ཀྱིས་ཀྱང་ཁྱོད་དང་ཚོང་རྒྱག་པ་སྟེ། ཁོ་ཚོས་བྲན་གཡོག་དང་ལི་ཆས་ཀྱིས་ཁྱོད་དང་ཚོང་རྒྱག་པ་ཡིན། 14 པེད་ཐོ་གར་མཱའི་མི་རྣམས་ཀྱིས་རྟ་དང་དམག་རྟ། དྲེལ་བཅས་ཀྱིས་ཁྱོད་དང་ཚོང་རྒྱག་པ་ཡིན། 15 དི་དན་པ་རྣམས་ཀྱང་ཁྱོད་ཀྱི་ཚོང་གྲོགས་ཡིན་པ་དང་། མཚོ་འགྲམ་གྱི་ཡུལ་མང་པོ་ཁྱོད་ཀྱི་ཚོང་ར་ཡིན་ལ། ཁོ་ཚོས་བ་སོ་དང་ཤིང་ནག་གིས་ཁྱོད་ལ་དངུལ་སྤྲོད་པ་ཡིན། 16 ཁྱོད་ལ་ཐོན་རྫས་ཧ་ཅང་མང་བས་ན་ཨ་རམ་པ་ནི་ཁྱོད་ཀྱི་ཚོང་གྲོགས་བྱས་ཏེ། ཁོ་ཚོས་གཡུ་དང་རས་རྒྱ་སྨུག ཚེམ་དྲུབ། སོ་རས་སྲབ་བུ། བྱུ་རུ། པད་མ་རཱ་ག་བཅས་ཀྱིས་ཁྱོད་དང་ཚོང་རྒྱག་པ་ཡིན། 17 ཡ་ཧུ་དཱ་དང་ཡེས་ར་ཨེལ་ཡུལ་ཁམས་ཀྱང་ཁྱོད་ཀྱི་ཚོང་གྲོགས་ཡིན་ལ། དེ་དག་གིས་མིན་ནིད་ཀྱི་གྲོ་དང་བག་ལེབ། སྦྲང་རྩི། སྣུམ། སྤོས་དཀར་བཅས་ཀྱིས་ཁྱོད་དང་ཚོང་རྒྱག་པའོ། ། 18 ཡང་ཁྱོད་ལ་ཐོན་རྫས་ཧ་ཅང་མང་བ་དང་ཕུན་སུམ་ཚོགས་པའི་ནོར་རྫས་སྣ་ཚོགས་ཀྱི་དབང་གིས། དཱ་མེ་སེག་པས་ཧེལ་བོན་གྱི་རྒུན་ཆང་དང་། བལ་དཀར་པོས་ཁྱོད་དང་ཚོང་རྒྱག་པ་ཡིན། 19 བེ་དན་པས་བེ་སཱ་ནས་ཐོན་པའི་རྒུན་ཆང་གིས་ཁྱོད་དང་ཚོང་རྒྱག་ཅིང་། དེ་དག་གིས་ལྕགས་བཙོ་མ་དང་ཁ་ཚི་ཡཱ། ཤུ་དག་བཅས་ཀྱིས་ཁྱོད་དང་ཚོང་རྒྱག་པའོ། ། 20 ཡང་དི་དན་པས་རྟ་སྒ་དང་ས་གདན་གྱིས་ཁྱོད་དང་ཚོང་རྒྱག་ཅིང་། 21 ཨ་རབ་པ་དང་ཀེ༌དཱར་གྱི་འགོ་དཔོན་ཐམས་ཅད་ནི་ཁྱོད་ཀྱི་ཚོང་གྲོགས་ཡིན་ལ། དེ་དག་གིས་ལུ་གུ་དང་ལུག་ཐུག ར་ཐུག་བཅས་ཀྱིས་ཁྱོད་དང་ཚོང་རྒྱག་པ་ཡིན། 22 ཤེ་བཱ་དང་རཱ་ཨེ་མཱའི་ཚོང་པ་རྣམས་ཀྱིས་ཁྱོད་དང་ཚོང་རྒྱག་ཅིང་། དེ་དག་གིས་ཕུལ་བྱུང་གི་བསུང་རྫས་སྣ་ཚོགས་དང་རིན་པོ་ཆེའི་རིགས། གསེར་བཅས་ཀྱིས་ཁྱོད་དང་ཚོང་རྒྱག་པའོ། ། 23 ཧཱ་རན་པ་དང་ཀན་ནེ་པ། ཨེ་དེན་པ། ཤེ་བཱ་བཅས་ཀྱི་ཚོང་པ་དང་། ཨ་སུར་པ་དང་ཀིལ་མད་པ་བཅས་ཀྱིས་ཁྱོད་དང་ཚོང་རྒྱག་ཅིང་། 24 དེ་དག་གིས་ཚོང་རྫས་ཡག་པོ་རྣམས་ཚེམ་དྲུབ་ཅན་གྱི་རས་སྔོན་པོས་བཏུམས་པ་དང་། མཛེས་ཤིང་ཡིད་དུ་འོང་བའི་གྱོན་གོས་རྣམས་ཐང་ཤིང་གི་སྒམ་ནང་དུ་བཅུག་ནས། ཐག་པས་དམ་པོར་བསྡམས་ཏེ་ཁྱོད་ཀྱི་ཚོང་ར་ནས་ཁྱོད་དང་ཚོང་རྒྱག་པ་ཡིན། 25 ཐཱར་ཞིས་ཀྱི་གྲུ་གཟིངས་རྣམས་ཀྱིས་ཁྱོད་ཀྱི་ཚོང་ཟོག་སྐྱེལ་འདྲེན་བྱེད་ཅིང་། ཁྱོད་ནི་རྒྱ་མཚོའི་དབུས་སུ་དངོས་ཟོག་བྱུར་བུར་གང་བས་རབ་ཏུ་ལྕིའོ། ། 26 གྲུ་གཏོང་མཁན་གྱིས་ཁྱོད་ནི་རྒྱ་མཚོའི་གཏིང་སར་བཏང་སྟེ། ཤར་རླུང་གིས་ཁྱོད་རྒྱ་མཚོའི་དབུས་སུ་གཏོར་བར་བྱའོ། ། 27 ཁྱོད་ཀྱི་རྒྱུ་ནོར་དང་ཚོང་ཟོག ཚོང་རྫས། གྲུ་པ། དེད་དཔོན། སེར་ཁ་ཉམས་གསོ་བྱེད་མཁན། ཁྱོད་དང་ཚོང་ལས་གཉེར་མཁན་བཅས་དང་། ཁྱོད་ཀྱི་དྲུང་དུ་ཡོད་པའི་དམག་མི་ཡོངས་དང་ད་དུང་ཁྱོད་ཀྱི་དྲུང་དུ་འཛོམས་པའི་མི་ཚོགས་ཚང་མ་ལྷན་ཅིག་ཏུ། ཁྱོད་འགྱེལ་བའི་ཉིན་མོར་ཐམས་ཅད་རྒྱ་མཚོའི་ནང་དུ་ནུབ་པར་འགྱུར་ཞིང་། 28 ཁྱོད་ཀྱི་དེད་དཔོན་རྣམས་ཀྱི་འབོད་སྐད་ཀྱིས་མཐའ་མཚམས་ཀྱང་འདར་བར་འགྱུར། 29 དེ་ནས་གྲུ་གཏོང་མཁན་དང་གྲུ་པ། རྒྱ་མཚོའི་དེད་དཔོན་བཅས་ཐམས་ཅད་རང་གི་གྲུ་ལས་བབས་ཏེ་སྐམ་སར་འགྲེང་ནས། 30 དེ་དག་གིས་ཁྱོད་ཀྱི་ཆེད་དུ་ངུ་འབོད་བྱེད་ཅིང་། ས་རྡུལ་རང་གི་མགོ་ལ་གཏོར་ནས་ཐལ་བའི་ནང་དུ་འགྲེ་ལྡོག་རྒྱག་པར་འགྱུར། 31 དེ་དག་གིས་ཁྱོད་ཀྱི་རྐྱེན་གྱིས་རང་གི་སྐྲ་གཞར་ཞིང་། རྐེད་པར་རྩིད་རས་བཅིངས་ནས་ཁྱོད་ཀྱི་ཆེད་དུ་སེམས་སྡུག་སྟེ་ངུ་བ་དང་ཡིད་ཤིན་ཏུ་སྐྱོ་བར་འགྱུར་རོ། ། 32 དེ་དག་གིས་ཁྱོད་ལ་མྱ་ངན་ཞུ་དུས། ཁྱོད་ཀྱི་ཆེད་དུ་སྐྱོ་གླུ་ཞིག་ལེན་ཞིང་ན་རེ། གྲོང་ཁྱེར་གང་ཞིག་ནི་རྒྱ་མཚོའི་ནང་དུ་ནུབ་པའི་ཐཱར་དང་འདྲ་བ་ཡིན་ནམ། 33 ཁྱོད་ཀྱི་ཚོང་ཟོག་རྒྱ་མཚོ་ལས་སྐྱེལ་འདྲེན་བྱེད་དུས་སུ། སྔོན་ཆད་ཡུལ་ཁམས་མང་པོའི་མི་རྣམས་ཡིད་ཚིམ་དུ་བཅུག་ཅིང་། ཁྱོད་ཀྱི་ཕུན་སུམ་ཚོགས་པའི་ནོར་རྫས་དང་ཚོང་ཟོག་གི་དབང་གིས། ཁྱོད་ཀྱིས་ས་གཞིའི་རྒྱལ་པོ་རྣམས་ནི་འབྱོར་ཕྱུག་ལྡན་པར་བྱས་སོ། ། 34 འོན་ཀྱང་ད་ལྟ་ཁྱོད་ནི་རྒྱ་མཚོའི་གཏིང་ཟབ་སར། རྒྱ་མཚོས་ཁྱོད་རང་གཏོར་བ་དང་། ཁྱོད་ཀྱི་ཚོང་ཟོག་དང་ཁྱོད་ཀྱི་དྲུང་དུ་འཛོམས་པའི་མི་ཐམས་ཅད་ཀྱང་ནུབ་པར་གྱུར་ཏོ། ། 35 མཚོ་འགྲམ་གྱི་མི་རྣམས་ནི་ཁྱོད་ཀྱི་རྐྱེན་གྱིས་འཇིགས་སྐྲག་སྐྱེ་ཞིང་། དེ་དག་གི་རྒྱལ་པོ་རྣམས་ནི་ཤིན་ཏུ་འཇིགས་ཏེ་ངོ་མདོག་ཀྱང་འགྱུར་བའོ། ། 36 མི་རིགས་སོ་སོའི་ཚོང་པ་རྣམས་ཀྱིས་ཁྱོད་ལ་འཕྱ་ཞིང་། ཁྱོད་ལ་གནོད་འཚེ་འཇིགས་སུ་རུང་བ་ཐེབས་པར་འགྱུར་བ་དང་། དེ་ནས་ཁྱོད་ནི་ནམ་ཡང་གནས་པར་མི་འགྱུར་ཞེས་པའོ་ཞེས་གསུངས་སོ། །