ལེའུ་ལྔ་པ།
དད་ལྡན་པ་རྣམས་ཀྱི་འོས་འགན།
རྒན་པོ་ལ་ཚིག་རྩུབ་མ་ཤོད་པར། ཕ་ལྟར་བརྩིས་ནས་ཁ་ཏ་བྱེད། གཞོན་ནུ་རྣམས་ལ་ནུ་བོ་ལྟར་ཤོད། རྒན་མོ་རྣམས་ལ་ཨ་མ་དང༌། གཞོན་ནུ་མ་རྣམས་ལ་སྲིང་མོ་ལྟར་བཅོས་མིན་སེམས་ཀྱིས་སྨྲོས་ཤིག གཉེར་སྐྱོང་བྱེད་མཁན་མེད་པའི་ཡུགས་མོ་རྣམས་ལ་བཀུར་སྟི་བྱེད་ཅིག འོན་ཀྱང་ཡུགས་མོ་ཞིག་ལ་ཕྲུ་གུའམ། ཚ་བོ་ཚ་མོ་ཡོད་ན། ཁོ་ཚོས་ཐོག་མར་རང་གི་ཁྱིམ་ལ་ཆོས་སེམས་ཉམས་ལེན་བྱེད་པར་སློབ་དགོས་ཤིང༌། ཕ་མའི་དྲིན་ལན་འཇལ་དགོས། དེ་ནི་དཀོན་མཆོག་ཐུགས་མཉེས་པ་ཡིན་པས་སོ། གཉེར་སྐྱོང་བྱེད་མཁན་མེད་པའི་ཡུགས་མོ་ཞིག་གིས་དཀོན་མཆོག་ལ་རེ་བ་བྱེད་ཅིང༌། ཉིན་མཚན་མེད་པར་གསོལ་བ་དང་སྨོན་ལམ་འདེབས་ཤིང་གནས། འོན་ཀྱང་འདོད་ཡོན་ལ་ཆགས་པའི་ཡུགས་མོ་ནི་གསོན་ཡང་ཤི་བ་དང་འདྲའོ། ཁོ་ཚོ་སྐྱོན་བརྗོད་རྒྱུ་མེད་པར་འགྱུར་བའི་ཕྱིར་དོན་དེ་རྣམས་སྐུལ། གལ་ཏེ་མི་སུ་ཞིག་གིས་རང་གི་གཉེན་ཉེ་རྣམས་དང༌། ཁྱད་པར་དུ་རང་གི་ཁྱིམ་ཚང་གཉེར་སྐྱོང་མ་བྱས་ན། མི་དེས་དད་པ་སྤངས་པས་དད་པ་མེད་པ་ཞིག་ལས་སྡུག་གོ ཡུགས་མོའི་མིང་ཐོ་ལ་བཀོད་ན། ཡུགས་མོ་ནི་ལོ་དྲུག་ཅུ་ཡན་ཡིན་པ་དང༌། སྐྱེས་པ་གཅིག་ཁོ་ནའི་བཟའ་ཟླ་ཡིན་པ། 10 བྱ་བ་བཟང་པོ་བྱེད་པའི་མིང་གྲགས་ཡོད་པ། ཕྲུ་གུ་གསོ་སྐྱོང་བྱས་པ། མགྲོན་པོ་ལ་སྣེ་ལེན་བྱས་པ། དད་ལྡན་གྱི་རྐང་པ་འཁྲུད་མྱོང་བ། དཀའ་སྡུག་འཕྲད་པའི་མི་ལ་རོགས་རམ་བྱས་པ་དང༌། བྱ་བ་བཟང་པོ་ཀུན་ལ་དམ་འཛིན་བྱེད་མཁན་ཞིག་ཡིན་དགོས། 11 ཡུགས་མོ་གཞོན་ནུ་མ་རྣམས་ཀྱི་མིང་ཐོ་ལ་མ་ཁོད་ཅིག གང་ཡིན་ཞེ་ན། མཱ་ཤི་ཀ་དང་འགལ་ནས་འདོད་ཆགས་རྒྱས་པའི་དུས་སུ་སླར་གཉེན་སྒྲིག་བྱེད་པར་འདོད་པས། 12 སྔར་བཞག་པའི་དམ་བཅའ་དོར་བས་ཉེས་ཆད་འཕོག་པར་འགྱུར། 13 དེ་མ་ཟད་ཁོ་ཚོ་ལེ་ལོ་ཅན་དུ་གྱུར་ནས་དོན་མེད་དུ་ཁྱིམ་ཚང་མང་པོར་འཁྱམས་ནས། རྒྱབ་བཤད་རྒྱག་མཁན་དང་གཞན་གྱི་དོན་ལ་ཐེ་ཇུས་བྱེད་མཁན་དུ་གྱུར་ཏེ་སྨྲ་མི་འོས་པའི་གཏམ་ཡང་སྨྲ། 14 དེའི་ཕྱིར་ངས་ཡུགས་མོ་གཞོན་ནུ་མ་རྣམས་སླར་གཉེན་སྒྲིག་བྱེད་ཅིང༌། ཕྲུ་གུ་སྐྱེད་དེ། ཁྱིམ་ཚང་སྐྱོང་བར་སྐུལ། དེས་ན་དགྲ་བོར་ང་ཚོར་སྐྱོན་འཛུགས་བྱེད་པའི་གོ་སྐབས་མི་རྙེད། 15 དེ་ཅིའི་ཕྱིར་ཞེ་ན། ཡུགས་མོ་ཁ་ཤས་དད་པ་སྤངས་ནས་བདུད་སཱ་ཏན་གྱི་རྗེས་སུ་འབྲངས་ཟིན་ནོ། 16 བུད་མེད་དད་ལྡན་སུ་ཞིག་གི་ཁྱིམ་ལ་གཉེར་སྐྱོང་བྱེད་མཁན་མེད་པའི་ཡུགས་མོ་ཞིག་ཡོད་ན། ཆོས་ཚོགས་ལ་ཁུར་པོ་མི་བཟོ་བའི་ཆེད་དུ་ཁོ་མོས་དེ་ལ་གཉེར་སྐྱོང་བྱེད་དགོས། དེ་ནས་ཆོས་ཚོགས་ཀྱིས་ཡུགས་མོ་ངོ་མ་རྣམས་ལ་གཉེར་སྐྱོང་བྱེད་ཐུབ།
17 ཆོས་ཚོགས་ཀྱི་འགན་འཁུར་བ་ལེགས་པར་བདག་སྐྱོང་བྱེད་མཁན་དང༌། ཁྱད་པར་དུ་ཁོ་རྣམས་ལས་ཆོས་སྟོན་པ་དང་སློབ་སྟོན་བྱེད་མཁན་ལ་དེ་བས་ལྷག་པའི་བརྩི་བཀུར་འཐོབ་འོས། 18 གང་ལགས་ཤེ་ན། གསུང་རབ་ཀྱི་མདོའི་ནང་འཁོད་པ་ལྟར། གཡུལ་གཏོང་བའི་གླང་གོག་ལ་ཁ་ར་མ་གཡོགས་ཤིག་ཅེས་དང༌། ལས་བྱེད་མཁན་ལ་གླ་ཆ་ཐོབ་པར་འོས་སོ་ཞེས་གསུངས། * 19 སུ་ཞིག་གིས་ཆོས་ཚོགས་ཀྱི་འགན་འཁུར་བ་ཞིག་ལ་སྐྱོན་འཛུགས་བྱས་ན། མི་གཉིས་སམ་གསུམ་གྱིས་དཔང་པོ་མ་བྱས་ན་དེ་མ་རྩི། 20 གཞན་རྣམས་ཀྱིས་ཀྱང་སྡིག་ཉེས་བྱེད་པར་འཇིགས་པའི་ཕྱིར། སྡིག་ཉེས་མུ་མཐུད་ནས་བྱེད་བཞིན་པ་རྣམས་མི་ཐམས་ཅད་ཀྱི་དྲུང་དུ་བཀའ་བཀྱོན་བྱེད། 21 དཀོན་མཆོག་དང༌། མཱ་ཤི་ཀ་ཡེ་ཤུ་དང༌། ཁོང་གིས་བདམས་པའི་ཕོ་ཉ་རྣམས་ཀྱི་མདུན་དུ། ཕྱོགས་རིས་མེད་པར་བསླབ་བྱ་འདི་རྣམས་སྲུང་དགོས་ཤིང༌། ཕྱོགས་ཞེན་ཅིའང་མི་བྱེད་པར་ངས་ཁྱེད་ལ་ནན་གྱིས་སྐུལ། 22 མི་སུ་ཞིག་གི་ལུས་སྟེང་ལ་མྱུར་དུ་ལག་པ་མ་བཞག་པར་གཞན་གྱི་སྡིག་ཉེས་ཀྱི་ལས་དང་མ་འགྲོགས་ཤིག རང་ཉིད་གཙང་མར་སྲུང་ཞིག 23 ཁྱེད་ལ་ནད་མང་པོ་བྱུང་ཞིང༌། ལྟོ་ཆས་འཇུ་བར་ཕན་པའི་ཕྱིར། ད་ནས་བཟུང་ཆུ་ཁོ་ན་མི་འཐུང་བར་རྒུན་ཆང་ཉུང་ངུའང་འཐུང༌། 24 མི་ཁ་ཤས་ཀྱི་སྡིག་ཉེས་གསལ་པོ་ཡིན་པས། སྡིག་ཉེས་དེ་ཁོ་ཚོའི་སྔོན་ལ་ཁྲིམས་གཅོད་སར་འགྲོ མི་གཞན་རྣམས་ཀྱི་སྡིག་ཉེས་ནི་རྗེས་སུ་ངེས་པར་འོང༌། 25 དེ་དང་འདྲ་བར་བྱ་བ་བཟང་པོ་འགའ་ཤས་མངོན་གསལ་ཡིན་ལ། འགའ་ཤས་མངོན་གསལ་མིན་ཡང་སྦས་མི་ཐུབ་བོ། །
* ལེའུ་ལྔ་པ།:18 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་25 ཨང་4 དང༌། ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང་ལེའུ་10 ཨང་7 ལ་གཟིགས། ལེའུ་ལྔ་པ།:22 ལག་པ་བཞག་པ་ནི་ལས་འགན་བསྐོས་པ་དང་དད་ལྡན་རྣམས་ཀྱི་མོས་མཐུན་ཡོད་པའི་རྟགས་ཡིན།