ལེའུ་གཉིས་པ།
ཆོས་ཚོགས་སྐོར་གྱི་སློབ་སྟོན།
1-2 ངས་ཐོག་མར་མི་ཐམས་ཅད་དང༌། རྒྱལ་པོ། དཔོན་པོ་ཐམས་ཅད་ཀྱི་དོན་དུ་གསོལ་བ་དང༌། སྨོན་ལམ། ཞུ་བ། བཀའ་དྲིན་ཆེ་བཅས་ཞུ་རྒྱུར་སྐུལ། དེ་ནི་ཆོས་སེམས་དང་ལྡན་པར་དཀོན་མཆོག་གི་ཐུགས་མཉེས་པར་བྱེད་དེ་ང་ཚོ་ཞི་འཇམ་གྱི་ངང་ནས་མི་ཚེ་སྐྱེལ་བའི་ཆེད་དུ་ཡིན། ངེད་རྣམས་ཀྱི་སྐྱབས་མགོན་དཀོན་མཆོག་གི་སྤྱན་སྔར་དེ་ནི་ལེགས་ཤིང་འོས་པ་ཡིན། ཁོང་གིས་མི་ཐམས་ཅད་ཐར་བར་འགྱུར་ཏེ་བདེན་པ་རྟོགས་པར་དགོངས། དཀོན་མཆོག་གཅིག་ཡིན་ལ། དཀོན་མཆོག་དང་མི་རྣམས་ཀྱི་བར་ལ་བར་འདུམ་གཏོང་མཁན་གཅིག་ཡོད། མི་དེ་ནི་མཱ་ཤི་ཀ་ཡེ་ཤུ་ཡིན་ནོ། ཁོང་གིས་མི་ཐམས་ཅད་ཀྱི་དོན་ལ་རང་ཉིད་བླུ་རིན་གནང་བའི་སྒོ་ནས་དུས་ལ་འབབ་སྐབས་དཀོན་མཆོག་གིས་རང་གི་དགོངས་པ་མངོན་པར་མཛད། ངས་རྫུན་གཏམ་མི་ཟེར་བར་བདེན་པ་ཟེར། དོན་དེའི་ཕྱིར་ང་ཆོས་སྒྲོག་མཁན་དང༌། སྐུ་ཚབ་དང༌། ཡ་ཧུ་དཱ་པ་མིན་པ་རྣམས་ལ་དད་པ་དང་བདེན་པ་སྟོན་མཁན་དུ་བསྐོས། གནས་གང་དུ་འཛོམས་ཀྱང་སྐྱེས་པ་རྣམས་ཀྱིས་ཁྲོ་བའམ་རྩོད་གླེང་མེད་པར། ལག་པ་གཙང་མ་ཡར་བཏེགས་ཏེ་སྨོན་ལམ་འདེབས་པར་ང་འདོད་དོ། * དེ་དང་འདྲ་བར་བུད་མེད་རྣམས་ཀྱིས་འོས་པའི་གོས་གྱོན་ཏེ། ཁྲེལ་དང་བག་ཡོད་ཀྱིས་ལུས་རྒྱན་དགོས། ཚུལ་དང་མི་མཐུན་པའི་མགོའི་སྐྲའམ། གསེར་རམ། མུ་ཏིག་གམ། རིན་ཆེ་བའི་གོས་ཀྱིས་མ་ཡིན་པར། 10 བྱ་བ་བཟང་པོས་རྒྱན་དགོས། དེ་ནི་དཀོན་མཆོག་ལ་གུས་བཀུར་བྱེད་པ་ཁས་ལེན་མཁན་བུད་མེད་ལ་འོས་སོ། 11 བུད་མེད་རྣམས་ཀྱིས་ཁ་ཁུ་སིམ་པོར་བསྡད་ནས་ཁ་ལ་རབ་ཏུ་ཉན་ཏེ་སློབ་དགོས། 12 བུད་མེད་རྣམས་ཀྱིས་ཆོས་སྟོན་པའམ། སྐྱེས་པ་ལ་དབང་སྒྱུར་བ་ངས་ཆོག་མཆན་མི་འགོད་དེ། ཁོ་མོ་ཁ་ཁུ་སིམ་པོར་སྡོད་དགོས། 13 གང་ཡིན་ཞེ་ན། དང་པོར་ཨ་དམ་དང༌། དེའི་རྗེས་ལ་ཧ་ཝ་བཟོས་པར་མཛད་པས་སོ། 14 ཡང་ཨ་དམ་མིན་ཏེ་བུད་མེད་སླུ་བར་གྱུར་ནས་དཀོན་མཆོག་གི་བཀའ་དང་འགལ་མཁན་དུ་གྱུར། 15 འོན་ཀྱང་བག་དང་ལྡན་ཏེ་དད་སེམས་དང༌། བྱམས་སེམས། དམ་པ་བཅས་ལ་གནས་ན། ཕྲུ་གུ་སྐྱེད་པའི་སྒོ་ནས་བུད་མེད་ཐར་བར་འགྱུར་རོ། །
* ལེའུ་གཉིས་པ།:8 སྨོན་ལམ་འདེབས་དུས་ལག་པ་ཡར་འདེགས་པ་ནི་ཡ་ཧུ་དཱ་པའི་ལུགས་སྲོལ་ཞིག་ཡིན། གསུང་མགུར་ཞེས་པའི་མདོ་ལེའུ་143 ཨང་6 ལ་གཟིགས། ལེའུ་གཉིས་པ།:13 ལུང་སྟོན་པ་མོ་ཤེའི་མདོ་དང་པོ་སྟེ་འགོད་པའི་ལེའུ་3 ལ་གཟིགས།