ལེའུ་བཅུ་གསུམ་པ།
ས་བོན་འདེབས་པའི་དཔེ།
ཉིན་དེར་ཡེ་ཤུ་ཁང་པ་ནས་ཕེབས་ཏེ་མཚོའི་འགྲམ་དུ་བཞུགས། མི་ཚོགས་ཆེན་པོ་ཞིག་ཁོང་གི་དྲུང་དུ་འཛོམས་པས་ཁོང་གྲུ་ཞིག་གི་ནང་དུ་བཞུགས་པ་དང༌། མི་ཚོགས་ཆ་ཚང་མཚོ་འགྲམ་ལ་བསྡད། ཁོང་གིས་དཔེའི་སྒོ་ནས་ཆོས་མང་པོ་གསུངས་ཏེ་ཁོ་ཚོར་“ཉོན་དང༌། ས་བོན་འདེབས་མཁན་ཞིག་ས་བོན་འདེབས་པར་ཕྱིན། ས་བོན་གཏོར་བའི་སྐབས་སུ། ས་བོན་ཁ་ཤས་ལམ་ཁར་འཐོར་བ་དེ་རྣམས་བྱ་འོངས་ནས་བཟས་པ་དང༌། ཁ་ཤས་ནི་ས་མང་པོ་མེད་པའི་བྲག་གི་སྟེང་ལ་འཐོར་ཞིང་སའི་གཏིང་རིང་པོ་མེད་པས་ཡར་སྐྱེས་པ་མགྱོགས་ཀྱང༌། ཉི་མ་ཤར་ནས་ཚིག་སྟེ་རྩ་བ་གཏིང་རིང་པོ་མེད་པས་བསྐམས། ས་བོན་ཁ་ཤས་ཚེར་མའི་ནང་དུ་འཐོར་ཞིང་ཚེར་མ་སྐྱེས་ནས་སྒྲིབ་པས་ས་བོན་ཡར་མ་སྐྱེས། ཡང་ས་བོན་ཁ་ཤས་ས་རྒྱུ་བཟང་པོའི་ནང་དུ་ཟགས་ནས་ཆེར་སྐྱེས་ཤིང་འབྲས་བུ་སྨིན་ཏེ། འབྲས་བུ་ཁ་ཤས་ལྡབ་བརྒྱ་དང༌། ཁ་ཤས་ལྡབ་དྲུག་ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན། རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག་”ཅེས་གསུངས།
དཔེ་སྤྱོད་པའི་དམིགས་ཡུལ།
10 ཉེ་གནས་རྣམས་ཁོང་གི་དྲུང་དུ་འོངས་ནས་ཁོང་ལ་“ཁྱེད་ཀྱིས་ཁོ་ཚོར་དཔེའི་སྒོ་ནས་ཅིའི་ཕྱིར་གསུངས་”ཞེས་བཤད། 11 ལན་དུ་ཁོང་གིས་“དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་ཤེས་པ་དེ་ཁྱེད་ཚོ་ལ་གནང་བ་ཡིན། འོན་ཀྱང་ཁོ་ཚོ་ལ་གནང་བ་མ་ཡིན། 12 མི་སུ་ཞིག་ཐོས་པ་དང་རྟོགས་པ་འདོད་པ་དེ་ལ་སྟེར་བར་འགྱུར་ཞིང༌། ལྷག་པ་ཡོད་པར་འགྱུར། འོན་ཀྱང་རྟོགས་པ་མི་འདོད་པ་དེ་ལས་རྟོགས་པ་གང་ཡོད་པ་དེ་ཡང་ལེན་པར་འགྱུར་རོ། 13 དེའི་ཕྱིར་ངས་ཁོ་ཚོར་དཔེའི་སྒོ་ནས་སྨྲ། དེ་ནི་ཁོ་ཚོས་མཐོང་ཡང་མི་མཐོང་ཞིང༌། ཐོས་ཡང་མི་ཐོས་ཏེ་ཧ་མི་གོ་བའི་ཆེད་དུ་ཡིན། * 14 ལུང་སྟོན་པ་ཡེ་ཤ་ཡཱ་ཡི་ལུང་བསྟན་ཁོ་རྣམས་ལ་སྒྲུབ་སྟེ།
ཁྱོད་ཚོས་གོ་ཡང་གསལ་བར་མི་ཤེས་ལ། །
མཐོང་ཡང་དེ་དོན་རྟོགས་པར་མི་འགྱུར་རོ། །
15 མི་རིགས་འདིའི་སེམས་གྱོང་པོར་གྱུར་བས་སོ། །
རྣ་བ་ལྗིད་ཅིང་མིག་ཡང་བཙུམས་པས་ན། །
མིག་གིས་མ་མཐོང་རྣ་བས་མི་ཐོས་ཤིང༌། །
བློ་ཡིས་མི་རྟོགས་དེ་མིན་སེམས་བསྒྱུར་ནས། །
ང་ཡིས་དེ་ཚོ་གསོ་ཞིང་སྐྱོབ་པར་བྱེད། །
ཅེས་གསུངས། 16 འོན་ཀྱང་ཁྱེད་ཚོའི་མིག་གིས་མཐོང་བས་བདེ་ཞིང༌། ཁྱེད་ཚོའི་རྣ་བས་ཐོས་པས་བདེའོ། 17 ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར། ཁྱེད་ཀྱིས་གང་མཐོང་བ་དང་ཐོས་པ་ནི་ལུང་སྟོན་པ་དང་དྲང་ལྡན་པ་མང་པོས་དེ་མཐོང་བ་དང་ཐོས་པ་འདོད་ཀྱང་མ་མྱོང༌།”
དཔེའི་ནང་དོན་གསུངས་པ།
18 “འོ་ན་ས་བོན་འདེབས་མཁན་གྱི་དཔེ་ལ་ཉོན་དང༌། 19 མི་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་བསྟན་པ་ཐོས་ནས་ཧ་མི་གོ་ན། བདུད་ཡོང་ནས་ཁོའི་སེམས་ལ་བཏབ་པའི་ས་བོན་ཕྲོགས་ནས་ཕར་འཁྱེར། འདི་ནི་ལམ་ཁར་འཐོར་བ་དེ་ཡིན། 20 ས་བོན་བྲག་ཡོད་པའི་ས་ལ་འཐོར་བ་ནི་དཀོན་མཆོག་གི་བཀའ་དེ་ཐོས་མ་ཐག་སེམས་དགའ་བའི་ངང་ནས་དང་ལེན་བྱེད་མཁན་ཡིན། 21 འོན་ཀྱང་རང་གི་སེམས་ནང་ལ་རྩ་བ་གཏིང་རིང་པོ་ཚུགས་མེད་པས་དུས་ཐུང་ངུ་ལ་གནས་ཀྱང་བཀའ་དེའི་དོན་དུ་སྡུག་བསྔལ་དང་གནོད་འཚེ་འབྱུང་མ་ཐག་ཏུ་ཁོའི་དད་པ་ལོག་པར་འགྱུར། 22 ཡང་ས་བོན་ཚེར་མའི་ནང་དུ་འཐོར་བ་ནི་དཀོན་མཆོག་གི་བཀའ་ཐོས་ཀྱང༌། འཚོ་བའི་སྐོར་གྱི་སེམས་ཁྲལ་དང་རྒྱུ་ནོར་གྱི་བསླུ་བྲིད་ཀྱིས་བཀའ་མནན་ནས་འབྲས་བུ་སྐྱེ་མི་ཐུབ་པ་དེ་ཡིན། 23 ས་བོན་ས་རྒྱུ་བཟང་པོ་ལ་འཐོར་བ་ནི་དཀོན་མཆོག་གི་བཀའ་ཐོས་ནས་རྟོགས་པའི་མི་དེ་ཡིན། འབྲས་བུ་སྨིན་ཏེ། འབྲས་བུ་ཁ་ཤས་ལྡབ་བརྒྱ་དང༌། ཁ་ཤས་ལྡབ་དྲུག་ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན་”ཞེས་གསུངས།
རྩྭ་ངན་གྱི་དཔེ།
24 དཔེ་གཞན་ཞིག་ཁོ་ཚོར་བསྟན་ཏེ་“དཀོན་མཆོག་གི་རྒྱལ་སྲིད་ནི་རང་གི་ཞིང་ཁར་ས་བོན་བཟང་པོ་འདེབས་མཁན་དང་འདྲ་བ་ཡིན། 25 འོན་ཀྱང་མི་རྣམས་གཉིད་ཁུག་དུས་ཁོའི་དགྲ་བོ་ཡོང་ནས་གྲོའི་ཁྲོད་དུ་རྩྭ་ངན་བཏབ་ནས་ཕར་སོང༌། 26 གྲོའི་མྱུ་གུ་ཐོན་ནས་འབྲས་བུ་སྨིན་སྐབས། རྩྭ་ངན་དེ་ཡང་མངོན། 27 ཞིང་བདག་གི་གཡོག་པོ་རྣམས་ཡོང་ནས་ཁོང་ལ། སྐུ་ཞབས་ལགས། ཁྱེད་ཀྱི་ཞིང་ཁར་ས་བོན་བཟང་པོ་མ་བཏབ་བམ། རྩྭ་ངན་འདི་ཚོ་གང་ནས་བྱུང་ཞེས་སྨྲས། 28 ལན་དུ་ཁོང་གིས་ཁོ་ཚོར་དགྲ་བོ་ཞིག་གིས་བྱས་པ་ཡིན་ཞེས་ཟེར། གཡོག་པོ་རྣམས་ཀྱིས་ཁོང་ལ། ང་ཚོ་ཕྱིན་ནས་རྩྭ་ངན་དགོག་པར་འདོད་དམ་ཞེས་སྨྲས། 29 བདག་པོས་དེ་ལྟར་མ་བྱེད་ཅིག གང་ཡིན་ཞེ་ན། གྲོ་དང་རྩྭ་ངན་གཉིས་ཀ་དགོག་ཉེན་ཡོད། 30 ལོ་ཏོག་མ་སྨིན་པའི་བར་དུ་དེ་གཉིས་མཉམ་དུ་སྐྱེ་རུ་ཆུག ཞིང་ཁ་རྔ་རན་པའི་དུས་སུ་ངས་རྔ་མཁན་རྣམས་ལ། སྔོན་ལ་རྩྭ་ངན་བསྒྲུགས་ནས་མེས་སྲེག་གཏོང་བའི་ཕྱིར་རྡོག་ཁྲེས་སུ་ཆིངས་ཤིག དེ་ནས་གྲོ་ངའི་བང་མཛོད་དུ་སྡུས་ཤིག་ཅེས་སྨྲ་བར་བྱ་”ཞེས་གསུངས།
ཡུངས་འབྲུའི་དཔེ།
31 ཡེ་ཤུས་དཔེ་གཞན་ཞིག་ཁོ་ཚོར་བསྟན་ཏེ་“དཀོན་མཆོག་གི་རྒྱལ་སྲིད་ནི་ཞིང་ཁར་བཏབ་པའི་ཡུངས་འབྲུ་རྡོག་པོ་གཅིག་དང་འདྲ་སྟེ། 32 ས་བོན་ཐམས་ཅད་ལས་ཆུང་ཡང༌། ཆེར་སྐྱེས་དུས་སྡུམ་རའི་སྔོ་ཚོད་གཞན་རྣམས་ལས་ཆེ་བར་ཆགས་ཏེ་རྩི་ཤིང་དུ་གྱུར་ཞིང༌། བྱིའུ་རྣམས་ཡོང་ནས་དེའི་ཡལ་གར་ཚང་བཟོ་”ཞེས་གསུངས། 33 ཁོང་གིས་དཔེ་གཞན་ཞིག་ཁོ་ཚོར་བསྟན་ཏེ་“དཀོན་མཆོག་གི་རྒྱལ་སྲིད་ནི་སྐྱུར་རྩི་དང་འདྲ་སྟེ། བུད་མེད་ཅིག་གིས་དེ་གྲོ་ཕྱེ་བྲེ་གསུམ་གྱི་ནང་ལ་བསྲེས་པ་དང༌། རྗེས་མ་ཕྱེ་ཐམས་ཅད་ལ་སྐྱུར་ལངས་”ཞེས་གསུངས། 34 ཡེ་ཤུས་དོན་དེ་ཐམས་ཅད་དཔེའི་སྒོ་ནས་མི་ཚོགས་ལ་གསུངས་ཏེ། དཔེ་མ་བསྟན་པར་ཁོ་ཚོར་ཅིའང་མ་གསུངས། 35 འདི་ནི་ལུང་སྟོན་པ་བརྒྱུད་ནས་གསུངས་པ་དེ་སྒྲུབ་པའི་ཆེད་དུ་ཡིན།
ང་ཡི་ཁ་ནས་དཔེ་སྤྱད་དེ། །
འཇིག་རྟེན་བཀོད་ནས་ད་བར་གྱི། །
སྦས་པའི་དོན་རྣམས་བསྟན་པར་བྱ། །
ཞེས་གསུངས།
རྩྭ་ངན་གྱི་དཔེའི་དོན་གསུངས་པ།
36 དེ་ནས་མི་ཚོགས་དང་ཁ་བྲལ་ཏེ་ཁོང་ཁང་པའི་ནང་ལ་ཕེབས། ཁོང་གི་ཉེ་གནས་རྣམས་ཁོང་གི་མདུན་དུ་འོངས་ནས་“ཞིང་ཁའི་རྩྭ་ངན་གྱི་དཔེ་ང་ཚོར་གསལ་བཤད་མཛད་རོགས་གནང་”ཞེས་ཞུས། 37 ཁོང་གིས་“ས་བོན་འདེབས་མཁན་ནི་མིའི་རིགས་ཀྱི་བུ་ཡིན། 38 ཞིང་ཁ་ནི་འཇིག་རྟེན་ཡིན། ས་བོན་བཟང་པོ་ནི་རྒྱལ་སྲིད་ཀྱི་བུ་རྣམས་ཡིན། རྩྭ་ངན་ནི་བདུད་ཀྱི་བུ་རྣམས་ཡིན། 39 རྩྭ་ངན་འདེབས་མཁན་ནི་བདུད་ཡིན་ཞིང༌། ལོ་ཏོག་གི་རྔ་བ་ནི་དུས་ཀྱི་མཐའ་མ་ཡིན། རྔ་མཁན་རྣམས་ནི་དཀོན་མཆོག་གི་ཕོ་ཉ་ཡིན། 40 རྩྭ་ངན་བསྒྲུགས་ནས་མེས་སྲེག་གཏོང་བ་བཞིན། དུས་ཀྱི་མཐའ་མ་ལ་ཡང་དེ་ལྟར་འབྱུང་བར་འགྱུར་ངེས་ཡིན། 41 མིའི་རིགས་ཀྱི་བུ་ཡིས་རང་གི་ཕོ་ཉ་མངགས་ཏེ་རང་གི་རྒྱལ་སྲིད་ཀྱི་ནང་ནས་ཁོ་ཚོས་སྡིག་པའི་རྒྱུ་དང་ངན་པ་བྱེད་མཁན་ཐམས་ཅད་བསྒྲུགས་ནས། 42 མེ་ལྕེ་དང་ལྡན་པའི་ཐབ་ལ་འཕེན་པར་འགྱུར། ས་ཆ་དེར་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་པ་འབྱུང་བར་འགྱུར། 43 དེ་ནས་ཁོ་ཚོའི་ཡབ་ཀྱི་རྒྱལ་སྲིད་ལ་དྲང་ལྡན་པ་རྣམས་ནི་ཉི་མ་ལྟར་འཕྲོ་བར་འགྱུར། རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག”
གཏེར་དང་མུ་ཏིག་གི་དཔེ།
44 “དཀོན་མཆོག་གི་རྒྱལ་སྲིད་ནི་ཞིང་ཁར་སྦས་ཡོད་པའི་གཏེར་ཞིག་དང་འདྲ་བ་ཡིན། མི་ཞིག་གིས་གཏེར་དེ་རྙེད་ནས་ཡང་བསྐྱར་སྦས་པ་དང༌། དགའ་བའི་ངང་ནས་སོང་ཞིང༌། རང་ལ་ཡོད་པ་ཐམས་ཅད་བཙོངས་ནས་ཞིང་ཁ་དེ་ཉོས། 45 ཡང་དཀོན་མཆོག་གི་རྒྱལ་སྲིད་ནི་མུ་ཏིག་སྤུས་ལེགས་འཚོལ་བའི་ཚོང་དཔོན་ཞིག་དང་འདྲ་བ་ཡིན། 46 མུ་ཏིག་རིན་ཆེན་ཞིག་མཐོང་ནས་ཕར་ཕྱིན་ཞིང་རང་ལ་ཡོད་པ་ཐམས་ཅད་བཙོངས་ཏེ་ཉོས།”
དྲ་རྒྱའི་དཔེ།
47 “ཡང་དཀོན་མཆོག་གི་རྒྱལ་སྲིད་ནི་མཚོ་ནང་དུ་འཕེན་པའི་དྲ་རྒྱ་ཞིག་དང་འདྲ་བ་ཡིན། དེས་ཉ་རིགས་སྣ་ཚོགས་བསྡུས་ནས་ 48 གང་སྟེ་མི་རྣམས་ཀྱིས་དྲ་རྒྱ་དེ་སྐམ་ས་ལ་དྲུད་ཅིང༌། ཉ་ལེགས་པོ་རྣམས་སྣོད་ལ་བཞག་ཅིང་ཉ་ཕན་མེད་རྣམས་དབྱུགས། 49 དུས་ཀྱི་མཐའ་མར་དེ་ལྟར་འབྱུང་བར་འགྱུར་ངེས་ཡིན། དཀོན་མཆོག་གི་ཕོ་ཉ་རྣམས་ཀྱིས་ངན་པ་རྣམས་དྲང་ལྡན་རྣམས་ཀྱི་ནང་ནས་དབྱེ་བ་འབྱེད་དེ། 50 མེ་ལྕེ་དང་ལྡན་པའི་ཐབ་ལ་འཕེན་པར་འགྱུར། ས་ཆ་དེར་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་པ་འབྱུང་བར་འགྱུར།”
51 “ད་ཁྱེད་ཚོས་དོན་དེ་ཐམས་ཅད་ཧ་གོ་སོང་ངམ་”ཞེས་གསུངས་པས་ཁོ་ཚོས་ཁོང་ལ་“ཧ་གོ་སོང་”ཞེས་སྨྲས། 52 ཁོང་གིས་ཁོ་རྣམས་ལ་“ཆོས་ཁྲིམས་ལ་མཁས་པའི་མི་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཉེ་གནས་སུ་འགྱུར་མཁན་རེ་རེ་ནི་རང་གི་གཏེར་མཛོད་ནས་དངོས་པོ་གསར་པ་དང་རྙིང་པ་གཉིས་འདོན་པའི་ཁྱིམ་བདག་གཅིག་དང་འདྲ་བ་ཡིན་ནོ་”ཞེས་གསུངས།
སྟོན་པ་ཡེ་ཤུ་རྩིས་མེད་དུ་བཏང་བ།
53 དཔེ་དེ་རྣམས་བསྟན་ཚར་ནས་ཡེ་ཤུ་ས་ཆ་དེ་ནས་ཕར་ཕེབས། 54 རང་གི་ཕ་ཡུལ་དུ་བྱོན་ནས་ཁོང་གིས་ཡ་ཧུ་དཱ་པའི་འདུ་ཁང་ནང་ལ་ཆོས་གསུངས། ཁོང་ལ་ཉན་མཁན་རྣམས་ཧ་ལས་ཏེ་“མི་འདི་ལ་འདི་ལྟ་བུའི་ཤེས་རབ་དང་ནུས་མཐུ་གང་ནས་བྱུང་བ་ཡིན། 55 ཁོ་ནི་ཤིང་བཟོ་བའི་བུ་མ་ཡིན་ནམ། ཁོའི་མ་མིར་ཡམ་ཟེར་མཁན་མ་ཡིན་ནམ། ཡང་ཁོའི་གཅུང་པོ་ཡ་ཀོབ་དང༌། ཡོ་སེབ། སི་མོན། ཡུ་དཱ་བཅས་མ་ཡིན་ནམ། 56 ཁོའི་སྲིང་མོ་རྣམས་ཀྱང་ཡུལ་འདིར་ང་ཚོ་དང་མཉམ་དུ་བསྡད་ཡོད་པ་མ་ཡིན་ནམ། འོ་ན་མི་འདི་ལ་དེ་ཐམས་ཅད་གང་ནས་བྱུང་བ་ཡིན་”ཞེས་ཟེར་བས། 57 ཁོ་ཚོས་ཁོང་རྩིས་མེད་བཏང་ངོ༌། འོན་ཀྱང་ཡེ་ཤུས་ཁོ་རྣམས་ལ་“ལུང་སྟོན་པ་ལ་རང་ཡུལ་གྱི་མི་དང་གཉེན་ཉེ་ལ་མ་གཏོགས་པར་རྩིས་མེད་མི་འབྱུང་”ཞེས་གསུངས། 58 ཁོ་ཚོས་དད་པ་མ་བྱས་པས་ཁོང་གིས་ས་ཆ་དེར་ངོ་མཚར་གྱི་མཛད་པ་མང་པོ་མ་མཛད་དོ། །
* ལེའུ་བཅུ་གསུམ་པ།:13 13:13 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་6 ཨང་9 ལ་གཟིགས། ལེའུ་བཅུ་གསུམ་པ།:15 13:15 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་6 ཨང་གྲངས་9-10 ལ་འཁོད་ཡོད། ལེའུ་བཅུ་གསུམ་པ།:35 13:35 ཚིགས་བཅད་འདི་ནི་གསུང་མགུར་ཞེས་པའི་མདོ་ལེའུ་78 ཨང་གྲངས་2 ནས་བཀོད་པ་ཡིན།